དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གཞུང་འཁྱོངས་གསར་འབྱེད་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-14

    ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ་རེད། དེ་ལས་རྒྱ་ཆེའི་དགེ་སློབ་དང་འབྲེལ་ཡོད་སྡེ་ཚན་ལ་སྐུལ་ལྕག་ཟབ་མོ་ཐེབས་པ་མ་ཟད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སློབ་གསོའི་ལས་འགན་ལ་དམ་པོར་དམིགས་པ། དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ། ཏང་གི་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཤུལ་འཛིན་མཁན་ཡོད་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐུལ་སྤེལ་ཚོགས་འདུ་འཚོག་ཡུལ་དུ། སློབ་གསོ་པུའུ་སྤྱི་ཚོགས་ཚན་རིག་སིའི་སི་ཀྲང་ཞུས་ཆིང་སེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལས་དོན་ལ་ཁས་ལེན་གནང་བ་ལས། ང་ཚོར་ཕྲག་ཐོག་གི་འགན་འཁྲི་དང་ལས་འགན་ཧ་ཅང་ལྕི་པོ་ཡོད་པ་ཟབ་མོ་ཚོར་བྱུང་། ང་ཚོས་ལས་དོན་ཁག་གི་བླང་བྱ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། སྤྱོད་བཟང་མི་སྐྱོང་གི་འགག་རྩའི་སློབ་ཚན་ཡག་པོ་གཉེར་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ་ཏང་བློ་བདེ་བ་དང་། རྒྱལ་གཅེས་སྐྱེས་འབུལ། མི་རིགས་བསྐྱར་དར་གྱི་འགན་ལྕི་པོ་འཁུར་ཕོད་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད།

    ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་མ་ཀྲང་དབྱི་ཤའོ་ཡིས་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་མ་ཞིག་ཡིན་པའི་ངས་ཉེ་བའི་ལོ་ཤས་རིང་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་གསར་གཏོད་དང་འཕེལ་རྒྱས་ཟབ་མོ་ཚོར་བྱུང་། སློབ་ཁང་དུ་རྒན་ལགས་ཀྱིས་གསོན་ཉམས་དོད་པའི་གཏམ་རྒྱུད་བཤད་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་རིགས་པའི་གཞུང་ལུགས་འགྲེལ་བཤད་རྒྱག་པ་དང་། སློབ་ཁང་ནས་དོན་ཏེ་ང་ཚོས་གྲོང་གསེབ་དང་། བཟོ་གྲྭ སྡེ་ཁུལ་བཅས་སུ་བརྟག་ཞིབ་བྱེད་པར་སྐྱོད་ཀྱི་ཡོད། བསམ་བློ་ཆབ་སྲིད་སློབ་ཚན་སློབ་སྦྱོང་བྱས་པ་ལས་ངས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་སར་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་བརྟན་དུ་ཕྱིན་སོང་ཞེས་བཤད།

    དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱེད་པར་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད་པས་ངེས་པར་དུ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས།

    ནན་ཁའེ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཡུས་དབྱི་ཧྥན་གྱིས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་ང་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དུས་ཐོག་ཏུ་བསམ་བློ་ཆབ་སྲིད་སློབ་ཁྲིད་ནང་འཇུག་རྒྱུར་རྒྱུན་མཐུད་སྣང་ཆེན་བྱེད་ཀྱི་ཡོད། གོམ་སྟབས་རྗེས་མར། ཆེད་དོན་བརྟག་ཞིབ་ཧུར་ཐག་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ། སློབ་མར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་ཚོར་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད།

    མི་རིང་བའི་གོང་། བྱང་ཤར་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་དུ་འཚོགས་པའི་སློབ་གྲྭ་མཐོ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལས་དོན་ཚོགས་འདུར“སྤྱི་ཚོགས་ཀྱི་སློབ་ཁང་ཆེན་པོ་དེ་བེད་སྤྱོད་ཡག་པོ་ཇི་ལྟར་བྱེད་དགོས་སམ”དང“ཐོན་ཁུངས་ཆེན་པོའི་ལས་སྟེགས་ཇི་ལྟར་སྐྲུན་དགོས་སམ”ཞེས་པ་སོགས་ཁྲང་ཁྲུན་གྲོང་ཁྱེར་གྱི་སློབ་གྲྭ་མང་པོའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཚོས་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    བྱང་ཤར་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་སློབ་སྤྱི་ཧྲའོ་ཀྲི་ཧའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་གསུངས་པས། ངའི་ལས་ཀའི་ཁ་ཕྱོགས་སྔར་བས་གསལ་དུ་ཕྱིན་སོང་། གོམ་སྟབས་རྗེས་མར། ‘བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་། རྒྱུན་གཏན་གྱི་བསམ་བློ་ཆབ་སྲིད་ལས་དོན། སློབ་ཚན་གྱི་བསམ་བློ་ཆབ་སྲིད’བཅས་ཕྱོགས་གསུམ་གཞི་གཅིག་གི་སློབ་གྲྭ་མཐོ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་དོན་འཁྱོལ་བྱས་ནས་སློབ་གྲྭ་དང་སྤྱི་ཚོགས་ཀྱིས་མཉམ་དུ་མི་སྐྱོང་བའི་ནུས་པ་གང་ལེགས་འདོན་གྱི་ཡིན་ཞེས་བཤད།

    མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཝང་རི་ཁྲུན་གྱིས་ལོ་གསུམ་ལྷག་ཙམ་གྱི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་བློ་མཐུན་རྒན་གྲས་ལ་འཕྲིན་ལན་སྤྲིངས་སྐབས་རྩ་བ་གསོ་ཞིང་བློ་སྦྱོང་བ་དང་བློ་སྒོ་འབྱེད་ཅིང་བློ་གྲོས་འཕེལ་ཐུབ་པའི་བསླབ་གཞི་སྤུས་ལེགས་རྩོམ་སྒྲིག་བྱེད་དགོས་ཞེས་ནན་བཤད་གནང་བ་དང་། ད་ཐེངས་སླར་ཡང་བསླབ་གཞིའི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་གནང་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བསླབ་གཞི་དང་། སློབ་ཚན། བསམ་བློ་བཅས་སུ་འཇུག་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་བསླབ་གཞི་གཙོ་བོར་བྱེད་པ་དང་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་དང་བསླབ་གཞི་སྣ་ཚོགས་མཉམ་དུ་སྤྱད་དེ་མི་སྐྱོང་བའི་བསམ་བློ་ཆབ་སྲིད་ཆེན་པོའི་བསླབ་གཞིའི་མ་ལག་ཧུར་ཐག་འཛུགས་ཀྱི་ཡིན་ཞེས་བཤད།

    རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའོ་ཝུན་ལིས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་ཁ་གྲམ་ནས་ཡོད་པའི་ཤུལ་བཞག གནའ་དཔེའི་སྟེང་དུ་བཀོད་པའི་ཡིག་རིགས་བཅས་ལས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་མཚོན་པ་མ་ཟད། དེ་དག་དཔེ་ཁྲིད་མི་སྐྱོང་གི་གྱ་ནོམ་པའི་ཐོན་ཁུངས་ཀྱང་རེད། ང་ཚོས་རིག་དངོས་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆ་སྔར་བས་བཏོན་ནས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་ཤོས་སློབ་གྲྭ་འབྲིང་ཆུང་གི་ལོ་རྒྱུས་སློབ་དེབ་དང་ཀློག་དེབ་ནང་དུས་ཐོག་ཏུ་འཇུག་པ་དང་། བརྗོད་དོན་གཙོ་བོ་མངོན་གསལ་དོད་ལ་ནང་དོན་ཕུན་སུམ་ཚོགས་པའི་འགྲེམས་སྟོན་དང་སློབ་གསོའི་བྱེད་སྒོ་ཁག་གཅིག་ཇུས་འགོད་བྱས་ནས་དགེ་སློབ་དེ་བས་མང་བ་ཀྲུང་ཧྭའི་རིག་གནས་ཀྱི་རྒྱུན་འཛིན་པ་དང་དར་སྤེལ་བར་འགྱུར་བ་བྱས་ཏེ། དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལ་ནུས་པ་དེ་བས་ལེགས་པ་ཐོན་པར་བྱེད་ཀྱི་ཡིན་ཞེས་བཤད།

    བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་གཉེར་བའི་འགག་རྩ་ནི་དགེ་རྒན་ལ་ཐུག་ཡོད་ཅིང་། དགེ་རྒན་གྱིས་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱེད་མིན་ལ་ཐུག་ཡོད།

    སླད་ཕྱིན་གྱི་ལས་དོན་ཁྲོད་ངས་ཆེད་ལས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་དང་ཤེས་བྱ་ཕུན་སུམ་ཚོགས་སུ་བཏང་སྟེ། སློབ་མ་དང་མཉམ་འགུལ་སྤེལ་རེས་བྱེད་པར་དེ་བས་མཐོང་ཆེན་དང་། གསོན་ཉམས་ལྡན་ལ་འཁྲུག་ཆ་དོད་པའི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། བརྩེ་སེམས་ཟབ་པ། བསམ་བློ་གསར་བ། མཐོང་རྒྱ་ཆེ་བ། རང་གཅུན་ནན་པ། མི་གཤིས་བཟང་བ་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་ཀྱི་ཡིན་ཞེས་ཡུན་ནན་ཁུན་མིང་རུན་ཁྲེང་སློབ་གྲྭའི་དམའ་རིམ་སློབ་འབྲིང་པུའུ་ཡི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ལི་ནན་གྱིས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་ང་ཚོའི་ལས་ཀའི་བསམ་ཕྱོགས་དེ་བས་རྒྱ་ཆེ་རུ་ཕྱིན་སོང་ཞེས་ཧྥུའུ་ཅན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་ཡེ་ཧྲེན་གྱིས་བརྗོད་པ་དང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སློབ་གྲྭར་བསྐྱོད་དེ་དགེ་སློབ་ལ་བསམ་བློ་ཆབ་སྲིད་སློབ་ཚན་ཐེངས་100ལྷག་ཙམ་འཚོགས་པ་མ་ཟད། ང་ཚོས་ད་དུང‘ཧྥུའུ་ཅན་དུ་མྱོང་ལེན’གྱི་བསམ་བློ་ཆབ་སྲིད་སློབ་ཚན་ཆེ་མོའི་ཞིབ་འཇུག་དང་སློབ་སྦྱོང་ལག་ལེན་གྱི་ཁྱབ་ཁོངས་ཀྱང་བཙུགས་ཡོད། འབྱུང་འགྱུར་རིམ་ཁག་ཏང་ཨུད་ཀྱིས་སྣེ་ཁྲིད་དེ་བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་གཉེར་བ་དང་། དགེ་རྒན་གྱིས་བསམ་བློ་ཆབ་སྲིད་སློབ་ཚན་ནན་ཏན་ངང་ཡག་པོ་འཁྲིད་པ། སློབ་མས་བསམ་བློ་ཆབ་སྲིད་སློབ་ཚན་ཧུར་ཐག་སྦྱོང་བ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་དེ་བས་ཡག་པོ་ཆགས་པར་བྱེད་ཀྱི་ཡིན་ཞེས་བཤད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་འབྱོར་པའི་གློག་འཕྲིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།