སློབ་གསོ་པུའུ་ཡིས་རྨང་གཞིའི་རིག་ཚན་རབ་དང་རིམ་པའི“101འཆར་གཞི”ལག་བསྟར་གཏིང་ཟབ་བྱས་པ།
གསར་འགོད་པས་ཉིན་ཤས་གོང་འཚོགས་པའི་རྨང་གཞིའི་རིག་ཚན་རབ་དང་རིམ་པའི“101འཆར་གཞིའི”ལས་དོན་སྐུལ་སྤེལ་ཚོགས་འདུ་དང་རྩིས་འཁོར་གྱི“101འཆར་གཞིའི”གྲུབ་འབྲས་སྤེལ་རེས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། མིག་སྔར་རྩིས་འཁོར་གྱི“101འཆར་གཞིའི”དུས་ཡུན་ལོ་གཉིས་ཀྱི་ཚོད་ལྟའི་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སློབ་ཚན་12དང་བསླབ་གཞི་31འཛུགས་སྐྱོང་ལེགས་གྲུབ་བྱུང་ནས་རྣམ་གྲངས་400ལྷག་ཙམ་ལ་ཁྱབ་པའི་ལག་ལེན་ལས་སྟེགས་ཤིག་གྲུབ་ཡོད། དགེ་རྒན་1500ལྷག་ཙམ་མཉམ་སྡེབ་སློབ་ཚན་གྲ་སྒྲིག་དང་སློབ་དཔྱོད་བྱེད་སྒོའི་ནང་ཞུགས་ནས་སློབ་མ་ཁྲི་2ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། སློབ་ཁྲིད་སྒྱུར་བཅོས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པས་རིགས་གཅིག་མཁས་ཅན་དང་དགེ་སློབ་ཚོའི་ཁས་ལེན་ཐོབ་ཡོད། རྗེས་སུ་འགོ་ཚུགས་པའི་རྩིས་རིག་སོགས་ཁྱབ་ཁོངས་8ཀྱི་འཛུགས་སྐྲུན་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཞིང་། བསླབ་གཞི་རྩོམ་སྒྲིག་གོ་རིམ་ལྡན་པའི་སྒོ་ནས་བྱས་པ་དང་། སློབ་ཁྲིད་དང་ཞིབ་འཇུག་གྲོས་བསྡུར་རིམ་བཞིན་གཏིང་ཟབ་ཏུ་བཏང་བ། དགེ་རྒན་གསོ་སྦྱོང་རིམ་བཞིན་ཁྱབ་གདལ་བཏང་བ་བཅས་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྨང་གཞིའི་རིག་ཚན་རབ་དང་རིམ་པའི“101འཆར་གཞི”ནི་གསར་གཏོད་ཤེས་ལྡན་པ་རྩེར་སོན་གསོ་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། དེའི་གཙོ་གནད་ལས་འགན་ནི་རིམ་པ་མཐོ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། འགྲན་སློང་བཅས་ལྡན་པའི་ལྟེ་བའི་སློབ་ཚན་རྩེ་གྲ་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུ་དང་། རྒྱལ་སྤྱིའི་རིག་གཞུང་གི་མདུན་གྲལ་མཚོན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལྟེ་བའི་བསླབ་གཞི་རྩེ་གྲ་ཁག་གཅིག་དང་། “དགེ་རྒན་ཆེན་པོས”སྣེ་ཁྲིད་པའི་དགེ་རྒན་ཚོགས་པ་རྩེ་གྲ་ཁག་གཅིག ཚན་སློབ་མཉམ་འདྲེས་དང་ཐོན་སློབ་མཉམ་འདྲེས་ཀྱི་ལག་ལེན་རྣམ་གྲངས་རྩེ་གྲ་ཁག་གཅིག་བཅས་འཛུགས་སྐྱོང་བྱ་རྒྱུ་རེད། སློབ་གསོ་པུས་2021ལོའི་ཟླ་12པར་རྩིས་འཁོར་གྱི“101འཆར་གཞི”ལག་བསྟར་བྱེད་འགོ་ཚུགས་པ་དང་2023ལོའི་ཟླ་4པར་རྩིས་རིག་དང་། དངོས་ཁམས་རིག་པ། རྫས་འགྱུར་རིག་པ། སྐྱེ་དངོས་ཚན་རིག རྨང་གཞིའི་གསོ་རིག ཀྲུང་ལུགས་གསོ་རིག དཔལ་འབྱོར་རིག་པ། མཚན་ཉིད་རིག་པ་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རིག་ཚན་རབ་དང་རིམ་པའི“101འཆར་གཞི”ལག་བསྟར་བྱེད་འགོ་ཚུགས་པ་རེད།