དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་འོད་ཤུགས་རྣམ་གྲངས་བསྐྲུན་ནས་ཧིན་རྡུ་ཉི་ཞི་ཡའི་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཚའོ་ཧྲི་ཡུན།   |     སྤེལ་དུས།  2024-05-13

    འདི་ནི་ཀྲི་ལཱ་ཐའི་འོད་ཤུགས་རྣམ་གྲངས་ཡིན་པ།

    རླངས་འཁོར་ལ་བསྡད་དེ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐ་ནས་ཐོན་ཏེ་ཤར་ལྷོའི་ཕྱོགས་སུ་ཆུ་ཚོད་གཉིས་ལྷག་ཙམ་བསྐྱོད་རྗེས་ཤིས་ཀྲོ་ཝ་ཞིང་ཆེན་གྱི་དབེན་པའི་རི་ཁུལ་དུ་འབྱོར། ཀྱག་ཀྱོག་གི་གཞུང་ལམ་ནས་སྐྱོད་སྐབས་མཐོང་རྒྱ་རིམ་བཞིན་ཡངས་སུ་ཕྱིན། དགུང་སྔོན་སྤྲིན་དཀར་འོག་ཀྲི་ལཱ་ཐ་ཆུ་མཛོད་རི་ཚོགས་ཀྱི་བར་དུ་གནས་ཤིང་། ཆུ་ངོས་སུ་ཀྲི་ལཱ་ཐའི་འོད་ཤུགས་རྣམ་གྲངས་ཀྱི་འོད་ཤུགས་ཤེལ་ལེབ་གྲལ་བསྒྲིགས་ནས་འདུག

    གློག་གཏོང་ཚད་ཀྱིས་ཧིན་རྡུ་ཉི་ཞི་ཡའི་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཀྱི་25%བཟུང་བ།

    ཧིན་རྡུ་ཉི་ཞི་ཡ་སའི་གོ་ལའི་ཐིག་དམར་དུ་གནས་ཤིང་། འཛམ་གླིང་ཐོག་གླིང་ཚོམ་རྒྱལ་ཁབ་ཆེ་ཤོས་ཡིན་ལ། མཚོ་ཁོངས་ཀྱི་རྒྱ་ཁྱོན་ཆེ་བ་དང་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གིས་2060ལོར་སླེབས་སྐབས་ཉི་ནུས་གློག་གཏོང་དེ་ནུས་རྒྱུ་གཙང་མའི་གློག་གཏོང་གི་ཀ་རྟེན་ཆེ་ཤོས་སུ་འགྱུར་བ་བྱ་རྒྱུ་རེད།

    ཀྲི་ལཱ་ཐའི་འོད་ཤུགས་རྣམ་གྲངས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གློག་ཤུགས་ཀུང་སི་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པེ་འབྱུང་འགྱུར་ནུས་རྒྱུ་ཀུང་སིས་མ་རྩ་མཉམ་འཇོག་བྱས་ནས་གསར་སྤེལ་བྱས་པ་དང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཧྭ་ཤར་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བ་དང་གློག་འདོན་ཤེལ་ལེབ་ནས་གློག་འདོན་ཚད་ཀྲའོ་ཝ་192ཟིན་པ་མ་ཟད། ན་ནིང་ཟླ་11པར་གློག་དྲ་སྦྲེལ་ནས་གློག་བཏང་ཡོད། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་གློག་གཏོང་མཛད་སྒོར་ཞུགས་སྐབས་ཧིན་རྡུ་ཉི་ཞི་ཡའི་ནུས་རྒྱུ་གསར་པའི་གློག་གཏོང་རྣམ་གྲངས་ཆེ་གྲས་ཀྱི་ཕུགས་འདུན་གཞི་ནས་མངོན་འགྱུར་བྱུང་བ་མ་ཟད། ཧིན་རྡུ་ཉི་ཞི་ཡས་བསྐྱར་སྐྱེས་ནུས་རྒྱུའི་མི་མངོན་པའི་སྟོབས་ཤུགས་སྣ་ཚོགས་མུ་མཐུད་སྔོག་འདོན་བྱས་ནས་འབྱུང་འགྱུར་བཙོག་འབུད་བྱེད་མི་དགོས་པའི་དམིགས་ཚད་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    མིག་སྔར་ཀྲི་ལཱ་ཐའི་འོད་ཤུགས་རྣམ་གྲངས་ཀྱི་གློག་གཏོང་ཚད་ཀྱིས་ཧིན་རྡུ་ཉི་ཞི་ཡའི་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཀྱི་25%བཟུང་ཡོད། རྣམ་གྲངས་དེས་སྔོན་དཔག་བྱས་ན་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཀྲའོ་ཝ་ཁྲི་30ཟིན་ནས་ཁྱིམ་ཚང་ཁྲི་5ཙམ་ལ་གློག་ཤུགས་གཙང་མ་མཁོ་འདོན་ཐུབ་རྒྱུ་རེད། རྣམ་གྲངས་ཀྱི་ལག་རྩལ་ཆེ་མོ་བ་གཞོན་པ་ཝང་ཧྲའོ་ཧྥེང་གིས་བསྡོམས་རྩིས་རགས་ཙམ་བྱས་པ་བརྒྱུད། རྣམ་གྲངས་དེས་ལོ་ལྟར་ཧིན་རྡུ་ཉི་ཞི་ཡར་ཚད་ལྡན་རྡོ་སོལ་ཏུན་ཁྲི་11.7གྲོན་ཆུང་ཐུབ་རྒྱུ་མ་ཟད། ལོ་ལྟར་དབྱང་གཉིས་ཐཱན་འགྱུར་དང་། རྡོ་སོལ་གྱི་ཐལ་རྡུལ། དབྱང་གཉིས་མུ་ཟི། ཏན་དབྱང་འགྱུར་རྫས་བཅས་འབུད་ཚད་ཏུན་ཁྲི་21.4དང་། ཏུན་ཁྲི་8.2 ཏུན་9000 ཏུན་4500བཅས་ཉུང་དུ་གཏོང་ཐུབ་རྒྱུ་རེད་ཅེས་བརྗོད།

    ས་གནས་དེ་གའི་འཐབ་ཇུས་ཀྱིས་རྣམ་གྲངས་བདེ་བླག་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ།

    འོད་ཤུགས་ཤེལ་ལེབ་གྲལ་སྟར་བསྒྲིགས་པའི་གཞོགས་ཀྱི་ཆུ་ངོས་སུ“གླིང་ཕྲན་ཆུང་ཆུང”ཞིག་ཡོད་པ་དེ་ནི་མཐོ་གནོན་སྒྲིག་ཆས་ཡིན། རྣམ་གྲངས་ཀྱི་ཅིང་ལི་ཐང་ལི་ཅུན་གྱིས“གླིང་ཕྲན་ཆུང་ཆུང”སྟེང་གི་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་འདུག གློག་སྒྱུར་སྒྲིག་ཆས་སོགས་ཐང་ལི་ཅུན་གྱིས་རེ་རེ་བཞིན་ཁ་ཕྱེ་ནས་ཞིབ་བཤེར་བྱེད་བཞིན“ང་ཚོས་གཟའ་འཁོར་རེར་མི་བཏང་ནས་ཞིབ་བཤེར་བྱས་ཏེ་རྣམ་གྲངས་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད”ཅེས་བརྗོད།

    ཐང་ལི་ཅུན་ཐོག་མ་ཉིད་ནས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་དང་ད་ཆ་གློག་ཤུགས་སྙོམས་སྒྲིག་ལས་དོན་གྱི་འགན་གཙོ་བོ་འཁུར་གྱི་ཡོད། རྣམ་གྲངས་བསྐྲུན་ཚུན། ཁོང་གིས་གསོ་སྦྱོང་འཛིན་གྲྭ་མང་པོ་སྒྲིག་འཛུགས་བྱས་ནས་ཆུ་ངོས་སུ་ལས་ཀ་བྱེད་མཁན་ས་གནས་དེ་གའི་ལས་དོན་པ་1000ཙམ་གསོ་སྦྱོང་བྱས་ཡོད།

    མིག་སྔའི་བར་རྣམ་གྲངས་དེས་ས་གནས་དེ་གར་ཐད་ཀར་དང་གཞན་བརྒྱུད་ཀྱིས་ལས་ཞུགས་ལས་གནས་8000ལྷག་ཙམ་བཏོད་ཡོད། ཐང་ལི་ཅུན་གྱིས་རྣམ་གྲངས་དེའི་ས་གནས་དེ་རང་གི་ལས་མི་མང་ཆེ་བ་ནི་དེ་སྔ་ཞིང་པ་དང་ཉ་པ་ཡིན་པ་མ་ཟད། ཡོང་འབབ་ཀྱང་བརྟན་པོ་མེད། རྣམ་གྲངས་དེའི་ལས་ཀར་ཞུགས་རྗེས་ཁོང་ཚོའི་ཡོང་འབབ་ཆེས་ཆེར་འཕར་ཞིང་། མང་བར་ཟླ་རེར་ཡོང་འབབ་ལྡབ་4འཕར་ཡོད། རྣམ་གྲངས་བསྐྲུན་རྗེས་ཁོང་ཚོས་སྦྱངས་པའི་རྩལ་ནུས་ལ་བརྟེན་ནས་མུ་མཐུད་སྐྱེལ་འདྲེན་དང་སྲུང་སྐྱོང་གི་ལས་ཀ་བྱེད་པའམ་ཡང་ན་རྣམ་གྲངས་གཞན་གྱི་ལས་ཀ་བྱེད་ཐུབ་ཅེས་བརྗོད།

    ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཀྱི་འཐུས་མི་གོ་ཞའོ་ཏན་གྱིས་རྣམ་གྲངས་སྐྲུན་རིང་ཐོག་མཐའ་བར་གསུམ་དུ་ས་གནས་དེ་གའི་འཐབ་ཇུས་མཐའ་འཁྱོངས་བྱེད་པ་མ་ཟད། ས་གནས་དེ་གའི་འཆར་འགོད་དང་། ཨར་པོ་བ། སྒྲིག་སྦྱོར་སོགས་ཚོགས་པ་སྤྱོད་པ་དང་འབྲེལ་ས་གནས་དེ་གའི་བཟོ་པར་བདེ་འཇགས་དང་རྩལ་ནུས་གསོ་སྦྱོང་མང་པོ་བྱས་ནས་ཧིན་རྡུ་ཉི་ཞི་ཡར་འོད་ཤུགས་ཐོན་ལས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད། ས་གནས་དེ་གའི་འཐབ་ཇུས་རྣམ་གྲངས་བདེ་བླག་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད་ལ། བཟོ་པའི་སྤྱི་ཡོངས་ཀྱི་རྩལ་ནུས་ཀྱང་མཐོ་རུ་ཕྱིན་ནས་ས་གནས་དེ་གའི་དམངས་འཚོ་ལེགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཕུལ་ཡོད།

    རྒྱལ་ཁབ་གཉིས་ཀྱི་བསྐྱར་སྐྱེས་ནུས་རྒྱུའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

    ཀྲི་ལཱ་ཐའི་འོད་ཤུགས་རྣམ་གྲངས་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དངོས་སྒྲུབ་མཉམ་ལས་ཀྱི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བསྐྱར་སྐྱེས་ནུས་རྒྱུའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྱིས་སྐྲུན་འགན་འཁུར་བའི་ཧིན་རྡུ་ཉི་ཞི་ཡའི་པཱ་ཐང་ཆུ་ཤུགས་གློག་ཁང་གིས་གྲུབ་འབྲས་ཐོབ་པའི་ངང་ཆུ་རྒྱུན་བཀག་ནས་རྗེས་མཐུད་ལས་དོན་ལ་རྨང་གཞི་གལ་ཆེན་བཏིང་ཡོད། ཀྲུང་གོའི་ཁེ་ལས་ཐེན་ཧོ་འོད་ནུས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་ལས་ཀྱི་ཡིག་ཆར་མིང་རྟགས་བཀོད་དེ་ཧིན་རྡུ་ཉི་ཞི་ཡར་འོད་ཤུགས་གློག་རྫས་དང་ལྷུ་ལག་ཐོན་སྐྱེད་རྟེན་གཞི་དང་པོ་བསྐྲུན་རྒྱུ་རེད། “བསྐྱར་སྐྱེས་ནུས་རྒྱུའི་ཐད་ཀྲུང་གོར་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་ཡོད་པ་དང་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ན་ཧིན་རྡུ་ཉི་ཞི་ཡས་ནུས་རྒྱུ་ཕྱོགས་སྒྱུར་གྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད”ཧིན་རྡུ་ཉི་ཞི་ཡའི་ནུས་རྒྱུ་དང་གཏེར་ཁའི་ཐོན་ཁུངས་པུའི་གཏེར་ཁ་དང་། རྡོ་སོལ། ས་འོག་ཚ་ནུས་ཐོན་ཁུངས་ལྟེ་གནས་ཀྱི་ཀྲུའུ་རེན་ཨ་ཀུང་·ཕུའུ་ལི་པཱ་ཏི་ཡིས་ཧིན་རྡུ་ཉི་ཞི་ཡས་ཐཱན་སྙོམ་སྦྱོར་དམིགས་ཚད་མངོན་འགྱུར་བྱེད་པའི་ཐད་ཀྲུང་གོས་ནུས་པ་གལ་ཆེན་འདོན་རྒྱུ་རེད་ཅེས་བརྗོད།

    “ཧིན་རྡུ་ཉི་ཞི་ཡའི་མྱུར་བགྲོད་ལྕགས་ལམ་དང་པོ་སྟེ། ཅ་དབན་མྱུར་བགྲོད་ལྕགས་ལམ་བསྐྲུན་རྗེས། ཀྲི་ལཱ་ཐའི་འོད་ཤུགས་རྣམ་གྲངས་ནི་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་གི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་གཞན་ཞིག་ཏུ་གྱུར་ཡོད” ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བ་ཝེ་ལུའོ་ཉི་ཁཱ་ཡིས“ཀྲུང་གོ་དང་མཉམ་ལས་བྱས་ཚེ་ལྗང་མདོག་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཧིན་རྡུ་ཉི་ཞི་ཡའི་སྤྱི་ཡོངས་ཀྱི་ལག་རྩལ་དང་དོ་དམ་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་རེད། ཀྲི་ལཱ་ཐཱའི་འོད་ཤུགས་རྣམ་གྲངས་གྲུབ་འབྲས་ཐོབ་པའི་ངང་གཉེར་སྐྱོང་བྱས་པ་དེ་ཐོག་ནས་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་བསྐྱར་སྐྱེས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་དང་མི་མངོན་པའི་སྟོབས་ཤུགས་སླར་ཡང་མངོན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་ཟབ་ཏུ་བཏང་ནས་གཉིས་ཁེ་གཉིས་ཕན་དང་མཉམ་ལས་གཉིས་ཕན་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཐུབ་ངེས་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།