དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འཛམ་གླིང་ཡང་རྩེའི་མཁའ་ལམ་དུ། གཡུ་འབྲུག་སྔོན་མོ་གར་ལ་རྩེན།

    བོད་ནས་གོར་མོ་དུམ་བུའི་བར་གྱི་མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་40འཁོར་བའི་ཕྱོགས་བསྡུས་གནས་ཚུལ་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-13

    ཟི་ལིང་ནས་ནུབ་ཏུ་ཕྱོགས་ཏེ་མུ་ལ་མུ་ཁྱུད་ཀྱི་རི་ཚོགས་དང་གྲོག་རོང་། གྲོང་སྡེ་མང་པོ་ཆགས་པའི་རི་འདབས་དང་། མགོ་ལྕོག་ལྡེམ་ལྡེམ་བྱེད་པའི་སྔོ་ལྗང་གི་རྩྭ་ཐང་། དེ་བཞིན་བྱེ་རླུང་གང་སར་འཚུབ་པའི་མྱ་ངམ་ཐང་བརྒྱུད་ནས་ཕྱིན་ན། མཚོ་བོད་ལྕགས་ལམ་ཐོག་གི་མེ་འཁོར་ནི་གཡུ་འབྲུག་སྔོན་མོ་ཞིག་འཛམ་གླིང་ཡང་རྩེའི་མཁའ་ལམ་དུ་གར་ལ་རྩེན་པ་དང་གཉིས་སུ་མ་མཆིས། ལོ་40རིང་གི་མཚོ་བོད་ལྕགས་ལམ་གྱི་འཕོ་འགྱུར་ལས་ས་མཐོའི་ལྕགས་ལམ་བཟོ་པས་གནམ་ས་འགུལ་བའི་ཞུམ་མེད་འབད་འཐབ་ལ་བརྟེན་ནས་གངས་ལྗོངས་ས་མཐོར་ངོ་མཚར་མང་པོ་བཏོད་དེ་བྱ་འཕུར་བ་ལྟ་བུའི་ཉིན་བཞིན་འཕོ་འགྱུར་འགྲོ་བའི་དཔང་པོ་བྱས་དང་བྱེད་མུས་སུ་མཆིས།

    དཀའ་སྤྱད་ལས་བརྩོན་གྱིས་ཡུན་རིང་རེ་སྒུག་བྱེད་པའི་ཕུགས་ཀྱི་ལམ་བུ་བཏོད་པ།

    ལོ་40ཡི་གོང་ལ། རླངས་འཁོར་བཏང་ནས་སྐྱེལ་འདྲེན་བྱེད་མྱོང་བའི་མཚོ་ཤར་གྲོང་ཁྱེར་དུར་ལམ་ཆུས་ཀྱི་གྲོང་མི་ལིའུ་ཐའོ་ཡིས་མྱོང་ཚོར་ཟབ་མོས། “སྔོན་ཆད་ལམ་དེ་ཙམ་ཡག་པོ་མེད་པས། ཁྲར་ཧན་ནས་ཟི་ལིང་དུ་ཅ་ལུད་སྐྱེལ་འདྲེན་བྱེད་པར་ཕར་ཚུར་ཐེངས་གཅིག་ལ་གཟའ་འཁོར་གཅིག་འགོར་གྱི་ཡོད་པས། དེ་དུས་གོར་མོ་བར་གྱི་ལྕགས་ལམ་སྔ་ཙམ་བསྐྲུན་ཐུབ་ན་ཅི་མ་རུང་སྙམ་སྟེ་རེ་བ་ཆེན་པོ་བྱེད་མྱོང་ཡོད”ཅེས་བརྗོད་ཅིང་། ཁོང་གིས་ཕ་ཡུལ་དུ་ལྕགས་ལམ་བསྐྲུན་རྒྱུ་ནི་སྐབས་དེའི་ས་མཐོའི་མི་དམངས་ཀྱི་རེ་བ་ཆེ་ཤོས་དེ་རེད་ཅེས་བརྗོད།

    ཆུ་དང་འཕྲད་ན་ཟམ་པ་བཙུགས་པ་དང་། རི་དང་འཕྲད་ན་ལམ་བུ་བཟོས་ཡོད། རྒྱལ་ཁབ་ཀྱིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོར་དམིགས་ནས་འཛུགས་སྐྲུན་བྱེད་ཞོར་མཚམས་འཇོག་ཐེངས་མང་བྱས་མཐར། 1974ལོར་ལྕགས་ལམ་བཟོ་པ་ཁྲི་ཚོ་ཁ་ཤས་ཀྱིས་དཔའ་ངར་ཆེན་པོས་ས་མཐོར་མཚོ་བོད་ལྕགས་ལམ་སྐྲུན་པར་བསྐྱོད་དེ། མཉམ་རུབ་དུང་བརྡ་སླར་ཡང་བསྒྲགས་ནས་ཤིན་ཏུ་དཀའ་ཚེགས་ཆེ་བའི་རང་བྱུང་ཁམས་ཀྱི་དཀའ་ངལ་དང་ལག་རྩལ་གྱི་འགག་སྒོ་རེ་རེ་ལས་རྣམ་པར་རྒྱལ་ཡོད།

    མཚོ་བོད་ལྕགས་ལམ་སྐྲུན་སྐབས་ཐེམ་ཆེན་རྩྭ་ཐང་དང་ཚྭ་འདམ་གཤོང་སའི་བར་གྱི་བཀའ་འགྱུར་ཉག་ཁ་ནི་བརྒྱུད་དགོས་ངེས་ཀྱི་ལམ་བུར་འཁེལ་ཞིང་། ཉག་ཁ་དེའི་ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བ་དང་། ས་འོག་གི་ཆུ་དོན་མང་བ། ཕུག་ལམ་ཡང་སེ་རྡིབ་པའི་ཁར། ཕུག་ལམ་ནང་གསོ་རླུང་དཀོན་པ་དང་ཕུག་ལམ་གྱི་རིང་ཚད་ལ་སྤྱི་ལེ་4.01ཟིན་པ་བཅས་ནི་མཚོ་བོད་ལྕགས་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་འཛུགས་སྐྲུན་བྱེད་རིང་གི་དཀའ་གནད་ཆེ་ཤོས་སུ་གྱུར་ཏེ། ཧ་ལམ་མི་ཤུགས་ལ་བརྟེན་ནས་ཕུག་ལམ་འདྲུ་དགོས་པ་ལྟ་བུ་ཞིག་བྱུང་སྟབས་ལས་གྲྭའི་འཕེལ་རིམ་ཧ་ཅང་འགོར་པོ་ཡོད།

    ལྕགས་ལམ་བཟོ་པས་ཉིན་མཚན་1000ལྷག་ཙམ་རིང་འབད་འཐབ་བྱས་པ་བརྒྱུད། 1977ལོའི་ཟླ་8ཚེས་15ཉིན། བཀའ་འགྱུར་ཉག་ཁའི་ཕུག་ལམ་དུ་ལྕགས་ལམ་བདེ་བླག་ངང་བཏིང་ཐུབ་ནས་གངས་ལྗོངས་ས་མཐོར་ནམ་ཡང་མི་ནུབ་པའི་མཛད་རྗེས་རྡོ་རིང་ཞིག་བཙུགས་ཡོད་ལ། “ཚད་བཀག་ལ་འགྲན་སློང་བྱས་ནས་བློ་ཁོག་ཆེན་པོས་རྩེར་སོན་གཏོད་པའི”མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བར་ལག་ལེན་གྱི་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད།

    རི་བོ་གཟར་ཞིང་ལམ་ཀྱག་ཀྱོག་ཇི་ལྟར་ཆེ་རུང་འཛུགས་སྐྲུན་པའི་གོམ་སྟབས་མཚམས་འཇོག་ཡེ་ནས་བྱེད་མྱོང་མེད། 1984ལོའི་ཟླ་5ཚེས་1ཉིན། མེ་འཁོར་གྱི་དུང་བརྡ་གྲགས་པ་དང་བསྟུན་ནས་ཟི་ལིང་ནས་གོར་མོ་བར་གྱི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་མཚོ་བོད་ས་མཐོ་འདི་ཉིད་དུས་རབས་འབྱེད་པའི་མཆོང་སྐྱོད་ཀྱི་ལམ་བུར་བསྐྱོད་པ་ཁྱབ་བསྒྲགས་བྱས་ཡོད།

    འབད་འབུངས་མདུན་སྐྱོད་ཀྱིས་བདེ་སྐྱིད་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་བསྐྲུན་པ།

    ལོ་7རིང་འབད་འཐབ་བྱས་པ་བརྒྱུད། 2014ལོའི་ཟླ་4ཚེས་15ཉིན། བཀའ་འགྱུར་ཉག་ཁའི་སྦུག་ནས་འབར་གས་ཀྱི་སྒྲ་ཆེན་པོ་གཉིས་གྲགས་པ་དང་བསྟུན་ནས། ཁྱོན་རིང་ཚད་ལ་སྤྱི་ལེ་32.6ཟིན་པའི་འཛམ་གླིང་གི་ས་བབ་མཐོ་བའི་ཕུག་ལམ་རིང་ཤོས་ཨང་དང་པོ་སྟེ། བཀའ་འགྱུར་ཉག་ཁའི་ཕུག་ལམ་གསར་པ་ཤར་གཏོང་ཐུབ་ནས། མེ་འཁོར་བཀའ་འགྱུར་ཉག་ཁར་བསྐྱོད་པར་དེ་སྔོན་ཆུ་ཚོད་2འགོར་ཡང་ད་ཆ་སྐར་མ་20ལས་འགོར་གྱི་མེད་སྟབས། བཀའ་འགྱུར་ཉག་ཁའི་ཕུག་ལམ་གསར་པ་དེ་ཡང་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ལྟ་བུའི་ལས་གྲྭ་རླབས་པོ་ཆེ་ཞིག་ཏུ་གྱུར་ཡོད།

    མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་བཀོད་གཏོང་འགན་འཁུར་བ་ལི་ཡུས་ཅན་གྱིས། “བཀའ་འགྱུར་ཉག་ཁའི་ཕུག་ལམ་ཤར་གཏོང་ཐུབ་རྗེས་ང་ཚོའི་ཅ་ལུད་དབོར་ཡུན་ཆེས་ཆེར་ཐུང་དུ་ཕྱིན་ནས་ལོ་ལྟར་གྱི་རྨོད་གྲབས་སྐབས་ང་ཚོའི་ཅ་ལུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་དུས་ཐོག་ཏུ་དབོར་ཐུབ་ཀྱི་ཡོད་ལ། ལྕགས་ལམ་བརྒྱུད་ཅ་ལུད་དབོར་ཚད་མང་དུ་ཕྱིན་པ་མ་ཟད། བདེ་འཇགས་དང་དུས་ཐོག་ངང་དབོར་ཡུལ་དུ་སྐྱེལ་འདྲེན་ཐུབ་ཀྱི་ཡོད”ཅེས་བརྗོད།

    ལྕགས་ལམ་གྱིས་གངས་ལྗོངས་ཕྱི་ནང་སྦྲེལ་མཐུད་ཐུབ་ནས་སྙིང་སྟོབས་བཟང་པོ་རྒྱུན་འཛིན་བྱུང་བ།

    མཚོ་བོད་ལྕགས་ལམ་མེད་པ་ནས་ཡོད་པ་དང་། ལམ་ཐིག་རྐྱང་པ་ནས་ལམ་ཐིག་མང་པོ་དང་། རླངས་སྒུལ་འཕྲུལ་འཁོར་ནས་གློག་ཤུགས་འཕྲུལ་འཁོར། ལྕགས་ལམ་ཐུང་ངུ་ནས“ལེ་དབར་སྟོང་ཟིན་པའི་མཚོ་བོད་ལྕགས་ལམ” མེ་འཁོར་དཀྱུས་མ་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བཅས་བར་ལ་འཕོ་འགྱུར་བྱུང་ཡོད།

    1959ལོར་ཟི་ལིང་གི་མེ་འཁོར་འབབ་ཚུགས་བསྐྲུན་ཚར་ཙམ་ལ། འགྲུལ་པ་སྒུག་ཁང་སྤྱིར་བཏང་1དང་རིང་ཚད་སྨི་270ཟིན་པའི་འབབ་ཚུགས་སྟེགས་བུ་1ལས་མེད། ལོ་ངོ་བཅུ་ཕྲག་རིང་མི་རབས་4ཙམ་གྱི་འཕོ་འགྱུར་ཆེན་པོ་བརྒྱུད། མེ་འཁོར་འབབ་ཚུགས་ཀྱི་སྤྱིའི་རྒྱ་ཁྱོན་དེ་ཐོག་མའི་སྨི་ངོས་གྲུ་བརྒྱད་སྟོང་ནས་སྨི་ངོས་གྲུ་ཁྲི་དྲུག་བར་ཆེ་རུ་ཕྱིན་པ་དང་། མེ་འཁོར་འབབ་ཚུགས་སུ་མེ་འཁོར་འཇོག་སའི་ལྕགས་ལམ་ཐོག་མའི་5ནས་ད་ཆའི་21བར་མང་དུ་ཕྱིན་པ། ལོར་འགྲུལ་པ་དབོར་ཚད་ཐོག་མའི་མི་ཐེངས་ཁྲི་18ནས་རིམས་ནད་མ་མཆེད་གོང་གི་མི་ཐེངས་ཁྲི་1037.9བར་འཕར་ཏེ། མཚོ་བོད་ས་མཐོའི་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་སུ་གྱུར་ཡོད།

    ལྕགས་ལམ་ལས་ཕུགས་འདུན་དང་རེ་སྒུག་མངོན་པ་དང་གྲངས་གཞི་ལས་བདེ་སྐྱིད་དང་འཕེལ་རྒྱས་མཚོན་པ

    2011ལོའི་ཟླ་6ཚེས་29ཉིན། བོད་ནས་གོར་མོ་བར་གྱི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་གཉིས་པའི་གློག་རླངས་ཅན་གྱི་མེ་འཁོར་ཤར་གཏོང་ཐུབ་སྟེ། ཟི་ལིང་ནས་གོར་མོ་བར་བསྐྱོད་པར་དེ་སྔ་ཆུ་ཚོད་12འགོར་བ་ནས་ད་ཆ་ཆུ་ཚོད་7ལས་འགོར་གྱི་མེད། 2023ལོའི་ཟླ་6ཚེས་5ཉིན། བོད་ནས་གོར་མོ་དུམ་བུའི་མཚོ་བོད་ལྕགས་ལམ་གྱི་སྤུས་ཚད་ལེགས་སུ་གཏོང་བའི་ལས་གྲྭ་ལེགས་གྲུབ་ཟིན་པའི་ཁྱབ་བསྒྲགས་བྱས་ཤིང་། ཟླ་7ཚེས་1ཉིན་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160ཟིན་པའི“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་མཚོ་བོད་ལྕགས་ལམ་དུ་ཐོག་མར་ཤར་གཏོང་ཐུབ་པ་ལས་མཚོ་བོད་ལྕགས་ལམ་དེ་ཉིད་ཤུགས་འགྲེམས་མེ་འཁོར་གྱི་དུས་རབས་སུ་བསླེབས་པ་མཚོན་ཞིང་། ཟི་ལིང་དང་། གཏེར་ལེན་ཁ། གོར་མོ་བཅས་ནས་གྲོང་ཁྱེར་འཚོ་བའི་ཁུལ་དུ་སྐྱོད་པར་ཆུ་ཚོ་5ལས་འགོར་གྱི་མེད་པས། ལམ་རྒྱུད་ཀྱི་མི་སེར་ཚོས་ཤུགས་འགྲེམས་མེ་འཁོར་ལས་བྱུང་བའི་འགྲོ་སྐྱོད་ཀྱི་སྟབས་བདེ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

    གཏེར་ལེན་ཁ་གྲོང་ཁྱེར་གྱི་རྨ་ནུབ་ཏུ་སྡོད་པའི་ཨ་ཅག་ཧྥེང་ལགས་ཀྱིས་དགའ་ཚོར་ཆེན་པོས། “མེ་འཁོར་ལ་བསྡད་ནས་ཕྱིན་ན། གཏེར་ལེན་ཁ་ནས་ཟི་ལིང་བར་ཆུ་ཚོད་3དང་སྐར་མ་29ལས་འགོར་གྱི་མི་འདུག ཉིན་གཅིག་ལ་ཕར་འགྲོ་ཚུར་ལོག་ཐུབ་པས། ཟི་ལིང་དུ་ན་ཚ་ལྟ་བ་དང་། ཅ་དངོས་ཉོ་བ། གཉེན་ཉེར་ཐུག་འཕྲད་ལ་འགྲོ་བར་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བརྗོད།

    གྲངས་གཞིས་ཀྱང་མྱུར་ཚད་དང་ཐོད་བརྒལ་ལ་བདེན་དཔང་བྱེད་བཞིན་ཡོད་ཅིང་། 2024ལོའི་ཟླ་3པའི་བར། བོད་ནས་གོར་མོ་བར་གྱི་མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་40སོང་རིང་། ཁྱོན་འགྲུལ་པ་མི་ཐེངས་དུང་ཕྱུར་1.1དབོར་བ་དང་དངོས་ཟོག་ཏུན་དུང་ཕྱུར་4.8སྐྱེལ་འདྲེན་ཐུབ་ཡོད་པས། དེ་ནི་བདེ་སྐྱིད་དང་དམངས་འཚོའི་བདེ་རྩ་དང་འབྲེལ་བའི་འཕེལ་རྒྱས་མྱུར་བའི་ལམ་བུ་ཞིག་ཏུ་གྱུར་ཡོད།

    དམིགས་ཚད་ལ་གཞིགས་ནས་འབྱུང་འགྱུར་ལ་ཕྱོགས་པའི་རེ་བའི་ལམ་བུ་ཞིག་བཏོད་པ།

    2006ལོའི་ཟླ་7ཚེས་1ཉིན། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་མཚོ་བོད་ལྕགས་ལམ་ཧྲིལ་པོ་ཤར་གཏོང་ཐུབ་སྟེ་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།

    མཚོ་བོད་ལྕགས་ལམ་གྱི་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོར་བརྟེན་ནས་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་ཡུལ་སྐོར་ལས་རིགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་GDPལོ་རེ་བཞིན་འཕར་བཞིན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དུས་རབས་གསར་པའི་དཔྱིད་རླུང་ལ་བརྟེན་ནས་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་ལ་འཕེལ་རྒྱས་དེ་བས་མྱུར་པོ་བྱུང་ཡོད། ས་མཐོའི་ལྕགས་ལམ་དྲ་བ་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་ཁྱབ་འགྱེད་ནུས་པའང་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ནས་མང་ཚོགས་ཀྱི་འཚོ་བར་ཉིན་བཞིན་འགྱུར་ལྡོག་གསར་པ་འབྱུང་བཞིན་ཡོད།

    2014ལོའི་ཟླ་8ཚེས་16ཉིན། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་བོད་ཀྱི་ལྷོ་ནུབ་རྒྱུད་དུ་གཞུང་ལམ་ཁོ་ནར་བརྟེན་པའི་རྣམ་པ་མཇུག་འགྲིལ་ཞིང་། ཤར་ནུབ་འབྲེལ་བའི་ལྕགས་ལམ་གྱི་དྲིན་ལས་ལྷ་ས་ནས་གཞིས་རྩེ་བར་རླངས་འཁོར་ལ་བསྡད་ཚེ་ཆུ་ཚོད་6འགོར་བ་དེ་ད་ལྟ་མེ་འཁོར་ལ་བསྡད་ན་ཆུ་ཚོད་2དང་སྐར་མ་47ལས་འགོར་གྱི་མེད།

    ལོ་དེའི་ཟླ་12པར། ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མཚོ་བོད་ས་མཐོའི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ནས་ཟི་ལིང་བར་དེ་སྔ་ཆུ་ཚོད་3འགོར་ཡང་ད་ཆ་སྐར་མ་38ལས་འགོར་གྱི་མེད།

    2019ལོའི་ཟླ་12པར། ཏུན་ཧོང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་ལན་ཀྲོའུ་ནས་མཚོ་སྔོན་བར་དང་། ལན་ཀྲོའུ་ནས་ཤིན་ཅང་བར། མཚོ་སྔོན་ནས་བོད་བར་བཅས་ཀྱི་ལྕགས་ལམ་སྦྲེལ་མཐུད་ཐུབ་སྟེ་ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་། བོད་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་སྦྲེལ་བའི་རང་རྒྱལ་ནུབ་བྱང་ས་ཁུལ་གྱི་གདུབ་དབྱིབས་ཀྱི་ལྕགས་ལམ་དྲ་བ་ཐོག་མ་དེར་གྱུར་ཡོད།

    2020ལོའི་ཟླ་12པར། གོར་མོ་ནས་ཁུར་ལེ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་པ་དང་། གོར་མོ་ནས་ཁུར་ལེ་བར་དེ་སྔ་རླངས་འཁོར་ལ་བསྡད་ན་ཆུ་ཚོད་26འགོར་ཡང་ད་ཆ་མེ་འཁོར་ལ་བསྡད་ཚེ་ཆུ་ཚོད་12ལས་འགོར་གྱི་མེད།

    2021ལོའི་ཟླ་6པར། རིང་ཚད་ལ་སྤྱི་ལེ་435ཟིན་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ས་མཐོའི་བསྐྱར་དར་རྟགས་ཅན་དེ་འཛམ་གླིང་ཡང་རྩེའི་བཀྲག་མདངས་གསར་པ་ཞིག་ཏུ་གྱུར་ཡོད།

    མེ་འཁོར་གྱི་འཁོར་ལོ་བར་མཚམས་མེད་པར་མདུན་དུ་འཁོར་བ་ལས་འཕེལ་རྒྱས་ཀྱི་མྱུར་ཚད་ཅིག་མངོན་ཞིང་། ལོ་40ཡི་རིང་ས་མཐོའི་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་2.4དབོར་བ་དང་དངོས་ཟོག་ཏུན་དུང་ཕྱུར་7.7སྐྱེལ་འདྲེན་བྱས་ནས། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད་ལ། མེ་འཁོར་གྱི་དུང་བརྡ་དང་འགྲོགས་ནས། འབྱུང་འགྱུར་ལ་ཕྱོགས་པའི་རེ་བའི་ལམ་བུ་དེ་གངས་ལྗོངས་ས་མཐོར་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་བཞིན་མཆིས།

    (མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།