དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-13

    གསར་འགོད་པར་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར་རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་འཕར་ཚད་12.1%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་6གིས་མཐོ་བ་ཡོད་པ་དང་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།

    བཟོ་ལས་ནི་དཔལ་འབྱོར་འཕར་བའི་བྱེད་པོ་ཡིན་པས། བཟོ་ལས་བརྟན་པོ་བྱུང་ན་དཔལ་འབྱོར་བརྟན་པོ་ཡོང་ཐུབ། “གཞི་ཁྱོན་ཡན་གྱི་བཟོ་ལས་མགྱོགས་མྱུར་འཕར་བའི་རྣམ་པ་དེ་ཐོག་ནས་བོད་ཀྱི་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་འཁོར་རྒྱུག་ལ་མཉེན་ཤུགས་ཆེ་ཙམ་ལྡན་པ་མཚོན་གྱི་ཡོད”རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དཔལ་འབྱོར་འཁོར་རྒྱུག་དང་མཉམ་ལས་སྤེལ་རེས་ཁྲུའི་འགན་འཁུར་བློ་མཐུན་ལིའུ་པོ་ཡིས། རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་བྱེད་ཐབས་མང་པོར་བརྟེན་ནས་ཁེ་ལས་ལ་རོགས་རམ་དང་ཞབས་འདེགས་ཞུ་བར་སྐུལ་འདེད་ཤུགས་ཆེན་བཏང་བ་ནི་དེའི་རྒྱབ་ཀྱི་རྒྱུ་རྐྱེན་གཙོ་བོ་རེད་ཅེས་བརྗོད།

    འདི་ལོ་ནས་བཟུང་། ལྗོངས་ཡོངས་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ནས་འགོ་ཁྲིད་ཀྱི་འགན་འཁྲི་གཙང་ལེན་ལམ་ལུགས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཏན་ཏིག་བྱས་ཏེ་བཟོ་ལས་ཁེ་ལས་མགྱོགས་མྱུར་ལས་ཐོན་བསྐྱར་ཚུགས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རོགས་སྐྱོར་དང་ཞབས་འདེགས་ཞུ་ནུས་སྔར་བས་ཆེ་རུ་བཏང་བས་ལྗོངས་ཡོངས་ཀྱི་བཟོ་ལས་ཁེ་ལས་དུས་ཆེན་རྗེས་ལས་ཐོན་བསྐྱར་ཚུགས་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ལས་ཐོན་བསྐྱར་ཚུགས་བྱེད་ཚད་ཟླ་བ་2པའི་58.4%ནས་ཟླ་བ་3པའི་90.7%བར་མཐོ་རུ་ཕྱིན་ནས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་འགན་ལེན་ནུས་ལྡན་བྱས་པ་དང་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་ཆག་པ་ནས་རིམ་བཞིན་འཕར་ཏེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་གཞི་གསར་པར་གྱུར་ཡོད།

    དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་3.1%འཕར་ནས་འཕར་ཚད་ཆག་པ་ནས་རིམ་བཞིན་འཕར་བ་དང་། ཟླ་བ་3པར་11.6%འཕར་བ་དེ་ཟླ་བ་གོང་མའི་འཕར་ཚད་ལས་བརྒྱ་ཆའི་གྲངས་50ཡིས་མཐོ་བ་ཡོད་པ་རེད།    

    དེ་དང་ཆབས་ཅིག བཟོ་ལས་ལ་མ་འཇོག་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་གློག་ཤུགས་དང་། ཚ་ཤུགས། སོལ་རླངས། དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ལ་མ་འཇོག་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་བཟོ་ལས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་102.2%འཕར་ནས་ལྗོངས་ཡོངས་ཀྱི་མ་འཇོག་བརྒྱ་ཆའི་གྲངས་28.2འཕར་བར་སྐུལ་ཁྲིད་བྱས་པ་རེད། དེའི་ནང་གློག་ཤུགས་དང་། ཚ་ཤུགས། སོལ་རླངས། ཆུ་བཅས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ལྡབ་1.4འཕར་ནས་ལྗོངས་ཡོངས་ཀྱི་མ་དངུལ་འཇོག་པའི་བརྒྱ་ཆའི་གྲངས་24.8འཕར་བར་སྐུལ་ཁྲིད་བྱས་པ་རེད།

    ལྕགས་རིགས་སོགས་ཀྱི་འཕར་ཐང་འཕར་ཚད་དང་བསྡུར་གཞི་ཡོད་པའི་རིན་གོང་ཚང་མ་སྔོན་ཆད་ལས་མཐོ་རུ་ཕྱིན་པ་དང་བསྟུན་ནས་རང་ལྗོངས་ཀྱི་གཏེར་ལས་སྔོག་འདོན་ལས་རིགས་འཕར་ཚད་བརྟན་པོ་ཡོད་པ་དང་རྨང་གཞིའི་རང་བཞིན་གྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། དུས་ཚིགས་དང་པོར་གཏེར་ལས་སྔོག་འདོན་གྱི་འཕར་ཐང་དུས་མཚུངས་ལས་13.6%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་མངོན་གསལ་དོད་པོས་འཕར་བར་སྐུལ་ཁྲིད་བྱས་ཡོད།

    ཞིང་འབྲོག་ཐོན་རྫས་ལས་སྣོན་དང་། བོད་སྨན། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ཨར་ལས་རྒྱུ་ཆ་སོགས་ཐོན་ལས་ཀྱི་འཕར་ཐང་ཡང་མགྱོགས་མྱུར་འཕར་བ་དང་། ས་མཐོའི་ཐབ་ཆས་གཙོ་བོར་བྱས་པའི་ཡང་བའི་བཟོ་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་བོད་ཀྱི་ཐབ་ཆས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་4200ལྷག་ཙམ་ཟིན་ཡོད། ཉིན་ཤས་གོང་། ཀུང་སི་དེའི་ཐེའི་ཐབ་ཆས་སྒྲུབ་རིམ་ནས་དངོས་སུ་ཐོན་སྐྱེད་བྱས་པ་དང་ཐོན་སྐྱེད་སྒྲུབ་རིམ་5དང་སྒྲིག་སྦྱོར་སྒྲུབ་རིམ་5ཡི་ཐོན་སྐྱེད་ཀྱི་འཕེལ་ཕྱོགས་ཡག་པོ་ཡོད་པ་རེད།

    དེ་བས་ཤུགས་ཆེ་བ་དང་དེ་བས་ནུས་པ་ལྡན་པའི་བྱེད་ཐབས་སྤྱད་དེ་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱས་ན། གཞི་ནས“བརྟན་ལྷིང”གི་རྨང་གཞི་དེ་བས་བརྟན་དུ་གཏོང་ཐུབ་པ་དང་། “ཡར་ཐོན”གྱི་སྟོབས་ཤུགས་གསོག་འཇོག་ཐུབ་པ། “འགན་སྲུང”གི་མཐའ་ཚད་སྲུང་ཐུབ་ནས། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱེད་པའི་རྣམ་པ་བཟང་པོར་རམ་འདེགས་བྱེད་ཐུབ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འདི་ལོའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་སྔ་རྗེས་སུ་ཁོངས་གཏོགས་ཡོངས་ཀྱི་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་ཐེངས་10འཚོགས་པ་དང་། འགན་འཁུར་བློ་མཐུན་གཙོ་བོས་རུ་སྣེ་ཁྲིད་དེ་འབྲེལ་གཏུག་གྲོང་ཁྱེར(ས་ཁུལ)དུ་བཀོད་གཏོང་ཐེངས་6བྱས་ཏེ་གཙོ་གནད་ཁེ་ལས་དང་གླིང་ཁུལ་40ལྷག་ཙམ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཞབས་འདེགས་ཞུས་ནས་བཟོ་ལས་དང་གྲངས་འཛིན་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་དང་ས་ཁུལ་ཁག་གིས“སྣ་འདུས་ཐབས་བཟང”དང“ཐབས་ཤེས་སྣ་མང”སྤྱད་དེ་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་གདེང་ཚོད་ཆེ་རུ་བཏང་ནས་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་མང་པོ་དོན་འཁྱོལ་བྱས་ཡོད།

    གྲུབ་འབྲས་འདི་དག་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་དེ་བཞིན་རིམ་ཁག་བཟོ་ལས་སྡེ་ཚན་དང་ཁེ་ལས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པ་དང་ཁ་འབྲལ་ཐབས་མེད། མིག་སྔར། བོད་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མྱུར་ཚད་མགྱོགས་པའི་དུས་སྐབས་སུ་གནས་ཡོད་པས། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་ཏུ་མཉམ་ལས་སྟོབས་ཆེན་ཆགས་ཡོད་པ་དང་། གཉེར་སྐྱོང་བྱེད་པོ་སྣ་ཚོགས་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བཟོ་ལས་ཀྱི་གལ་ཆེའི་ནུས་པ་དེ་བས་ལེགས་པ་བཏོན་ནས་དུས་རབས་གསར་པའི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཡོང་བར་སྟོབས་ཤུགས་གཅིག་ཏུ་སྒྲིལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།