ལྷ་མོ་གཡུ་སྒྲོན་གྱིས་སྲོལ་རྒྱུན་འཚེམ་དྲུབ་ས་མཐོ་ནས་ཡུལ་གཞན་དུ་དར་སྤེལ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། “སེམས་རྩེ་གཅིག་གིས་འཚེམ་དྲུབ་ཀྱི་ལས་ལ་གཞོལ་ན་རི་མོའི་བརྩམས་ཆོས་སྔར་བས་གསོན་ཉམས་དོད་པོར་འགྱུར་ཐུབ” འཚེམ་དྲུབ་བཟོ་ཁང་དུ་ལྷ་མོ་གཡུ་སྒྲོན་གྱིས་འཚེམ་དྲུབ་བུད་མེད་རེ་རེར་མཛུབ་ཁྲིད་བྱས་པ་དང་། བཟོ་ཁང་གི་འཚེམ་དྲུབ་བུད་མེད་48ཀྱིས་ཧུར་ཐག་འབད་ཐག་ངང་བོད་རིགས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གྱི་གཏམ་རྒྱུད་བཀོད་པའི་འཚེམ་དྲུབ་བརྩམས་ཆོས་ཆེ་གྲས《གེ་སར་གྱི་འཚེམ་དྲུབ་ཞལ་ཐང་ཆེན་མོ》བཞེངས་བཞིན་ཡོད་པ་རེད།
ལོ་38ལ་སླེབས་པའི་ལྷ་མོ་གཡུ་སྒྲོན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་ར་རྫོང་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་རེད། ཁོང་ནི་འཚེམ་དྲུབ་ཀྱི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་པ་དང་ཆུང་དུས་ནས་རྒན་རབས་པའི་འགྲམ་ནས་བག་ཆགས་བྱུང་བ་མ་ཟད་འཚེམ་དྲུབ་ཀྱི་ལག་རྩལ་ཡང་སྦྱངས་མྱོང་། “སྔོན་ཆད་འཚེམ་དྲུབ་ནི་བོད་རིགས་བུད་མེད་ཀྱི་སྐྲའི་སྤ་ལྕོག་སྟེང་ངོས་སུ་མངོན་གྱི་ཡོད” འཚེམ་དྲུབ་ས་མཐོ་ནས་ཡུལ་གཞན་དུ་ཁྱབ་པར་བྱ་ཆེད། ངས་འཚེམ་དྲུབ་བཟོ་རྩལ་ལ་གསར་གཏོད་ཇི་ལྟར་བྱེད་སྟངས་ཞིབ་འཇུག་བྱེད་འགོ་བརྩམས་ཏེ་སྲོལ་རྒྱུན་གྱི་འཚེམ་དྲུབ་ལ་གསོན་ཤུགས་གསར་པ་འཕེལ་བར་བྱེད་ཀྱི་ཡོད་ཅེས་ལྷ་མོ་གཡུ་སྒྲོན་གྱིས་བཤད་པ་རེད།
2009ལོར་ལྷ་མོ་གཡུ་སྒྲོན་གྱིས་མཚོ་ལྷོ་ཀྲོའུ་གསེར་ཆེན་རྫོང་དུ་འཚེམ་དྲུབ་ཀུང་སི་ཞིག་བཙུགས་ཤིང་། ཐང་ག་བཞེངས་རྩལ་གྱིས་བློ་སྒོ་ཕྱེ་བར་བརྟེན་ནས་ཁོང་དང་འཚེམ་དྲུབ་བུད་མེད་ཁག་གཅིག་གིས་ལག་རྩལ་ལ་ཞིབ་འཇུག་བྱས་ཏེ། བོད་རིགས་ཀྱི་རྒྱན་གོས་ཐོག་གི་འཚེམ་དྲུབ་དེ་རས་གཞིའི་ཐོག་བསྒྱུར་ནས། རང་བྱུང་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས་དག་འཚེམ་དྲུབ་ལ་བརྟེན་ནས་མངོན་པར་བྱས་པས་འཚེམ་དྲུབ་ཀྱི་རི་མོའི་བརྩམས་ཆོས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་རེད།
འཚེམ་དྲུབ་བྱས་ནས་ལོ་བཅུ་ལྷག་ཙམ་གྱི་རིང་། ལྷ་མོ་གཡུ་སྒྲོན་གྱིས་འཚེམ་དྲུབ་ཀྱི་གསར་གཏོད་དང་འཕེལ་རྒྱས་ཀྱི་ལས་ལ་ཐོག་མཐའ་བར་གསུམ་དུ་གཞོལ་བཞིན་ཡོད། ཀུང་སི་བཙུགས་པའི་ཐོག་མའི་དུས། ས་གནས་དེ་གའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཁོང་རྒྱལ་ཡོངས་ས་གནས་ཁག་དང་ཐ་ན་ཐེ་ལན་དང་། ནེ་པ་ལ། དབྱི་རན་སོགས་ཀྱི་རྒྱལ་ཁབ་ཏུ་བསྐྱོད་ནས་འཚེམ་དྲུབ་ཀྱི་བརྩམས་ཆོས་འགྲེམས་སྟོན་བྱས་པ་རེད།
“འཚེམ་དྲུབ་འདི་བཟོ་རྩལ་ཐོན་རྫས་སུ་བསྒྱུར་ནས་མི་སྔར་བས་མང་བས་འཚེམ་དྲུབ་ལ་རྒྱུས་ལོན་དང་འཚེམ་དྲུབ་ལ་དགའ་ཞེན་བྱ་རྒྱུ་དེར་དོན་སྙིང་ཆེན་པོ་ལྡན”ད་ཆ་ཁྲོམ་རར་འཚེམ་དྲུབ་ཀྱི་ཐོན་རྫས་གཞི་ཚུགས་ནས་པེ་ཅིང་དང་། ཅང་སུའུ། ཀྲེ་ཅང་སོགས་སུ་ཕྱིར་འཚོང་བྱས་པས་གདེང་འཇོག་ཡག་པོ་ཐོབ་ཡོད། ངས་ཇུས་འགོད་བྱས་ཏེ་ཞིབ་འཇུག་གསར་སྤེལ་བྱས་པའི“འཚེམ་དྲུབ་སྤོས་ཁུག”དང“འཚེམ་དྲུབ་འགེལ་ཆས”སོགས་ཀྱི་ཐོན་རྫས་ལ་ས་གནས་འདི་གའི་ཡུལ་སྐོར་ཁྲོམ་རར་བྲིན་ཁ་རྒྱུག་པོ་འདུག་ཅེས་ལྷ་མོ་གཡུ་སྒྲོན་གྱིས་བརྗོད།
བཟོ་ཁང་གི་འཚེམ་དྲུབ་བརྩམས་ཆོས་འགྲེམས་སྟོན་ཁང་དུ་འབྲོག་ཁྱིའི་འཚེམ་དྲུབ་བརྩམས་ཆོས་གཉིས་ཡོད་པའི་ནང་ནས་འབྲོག་ཁྱི་གཅིག་ནི་སྤྱིར་བཏང་ཡིན་པ་དང་། འབྲོག་ཁྱི་གཞན་དེའི་སྤུ་ནི་བཀྲག་མདངས་ལྡན་ལ་གསོན་ཉམས་དོད། ལྷ་མོ་གཡུ་སྒྲོན་གྱིས་རི་མོ་དེ་གཉིས་སྟོན་བཞིན་བསྡུར་བ་བྱས་ཏེ“འདི་གཉིས་ཀྱིས་ཉེ་བའི་ལོ་ཤས་རིང་གི་འཚེམ་དྲུབ་བཟོ་རྩལ་ཡར་རྒྱས་ཕྱིན་པ་མཚོན་ཐུབ”ཅེས་བཤད་པ་རེད།
“རང་ཉིད་ཀྱི་དགའ་ཞེན་ཆེ་བའི་ལག་རྩལ་ལ་བརྟེན་ནས་གཏན་འཇགས་ཀྱི་ཡོང་འབབ་རག་པ་དང་། ཕྲུ་གུར་སྟེར་བའི་དངུལ་ཡང་མང་དུ་ཕྱིན་སོང”འཚོ་བའི་ཐད་འགན་ལེན་ཡོད་པས་བཟོ་ཁང་ནང་གི་འཚེམ་དྲུབ་བུད་མེད་ཚོས་ཉིན་རེ་བཞིན་བློ་རྩེ་གཅིག་སྒྲིམ་ངང་ལས་ཀར་འབད་པ་བྱས་པ་དང་། སེམས་ནང་དགའ་ཚོར་ཆེན་པོ་བྱུང་ཞེས་འཚེམ་དྲུབ་བུད་མེད་ཧྲི་ཡུས་ཤིའུ་ཡིས་བརྗོད་པ་རེད།
ལྷ་མོ་གཡུ་སྒྲོན་གྱི་འཚེམ་དྲུབ་ཀུང་སི་བཙུགས་པ་ནས་བཟུང་། འཚེམ་དྲུབ་ཤེས་ལྡན་པ་སྟོང་ཕྲག་ཁ་ཤས་གསོ་སྐྱོང་བྱས་པ་མ་ཟད། ད་དུང“ཀུང་སི་དང་ཞིང་དུད་ཟུང་འབྲེལ”གྱི་བྱེད་སྟངས་བརྒྱུད་ཞིང་འབྲོག་པ་དབུལ་པོར་ལས་ཞུགས་ལས་གནས་མཁོ་སྤྲོད་དམ་ཡང་ན་ཉོ་སྒྲུབ་གྲོས་མཐུན་བཞག་པ་དང་། བུད་མེད་བརྒྱ་ཕྲག་ཁ་ཤས་ཀྱི་ཡིད་དབང་བཀུག་ནས་འཚེམ་དྲུབ་ལས་ལ་གཞོལ་བར་བརྟེན། ཞིང་འབྲོག་པ“སྒོ་རྩར”ལས་ཞུགས་ཐུབ་ཡོད།
ལོ་འདི་དག་རིང་། ལྷ་མོ་གཡུ་སྒྲོན་དང་ཁོང་གི་པ་ཕ་རིན་ཆེན་རྒྱལ་གྱིས་བློ་ཁོག་ཆེན་པོས་སེམས་ཐག་བཅད་པ་ཞིག་ནི། འཚེམ་དྲུབ་ལས་རིགས་ཀྱི་ཁྱབ་ཁོངས་སུ་ཆུ་ཚད་མཐོ་བ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས《གེ་སར་གྱི་འཚེམ་དྲུབ་ཞལ་ཐང་ཆེན་མོ》བཞེངས་རྒྱུ་དེ་རེད། 2017ལོའི་ལོ་འགོ་ནས་བཟུང་ལྷ་མོ་གཡུ་སྒྲོན་གྱིས་བྲེལ་བརྩོན་ཆེན་པོས་རྣམ་གྲངས་གྲ་སྒྲིག་བྱེད་འགོ་བཙུགས་ཏེ་རྒྱལ་ནང་གི་གེ་སར་རིག་པའི་རིགས་གཅིག་མཁས་ཅན་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ནང་ཞུགས་པར་གདན་དྲངས་པ་དང་། རི་མོ་མཁས་ཅན་གྱི་སྣེ་ཁྲིད་དེ་རིང་ཚད་སྨི་268ཟིན་པའི་སྐྱ་རིས་200ལྷག་ཙམ་བྲིས་ནས་ལོ་རྒྱུས་སྙན་རྩོམ་ཁྲོད་ཀྱི་གཏམ་རྒྱུད་ཀྱི་བྱུང་རིམ་གསོན་ཉམས་དོད་པའི་སྒོ་ནས་མཚོན་ཡོད།
བརྩམས་ཆོས་ཧྲིལ་པོའི་རྒྱ་ཁྱོན་ཅུང་རིང་བའི་ཁར་ས་ཆ་དང་འཚེམ་དྲུབ་སྒྲོམ་གཞིའི་ཐད་ཀྱི་རེ་བ་སྔར་ལས་ཆེ་བའི་དབང་གིས། ལྷ་མོ་གཡུ་སྒྲོན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཤུལ་མེད་འབྲེལ་མཐུད་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་པ་དང་འཚེམ་དྲུབ་སྒྲོམ་གཞི་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པ་མ་ཟད། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཅིག་དང་དངོས་སྤྱོད་ཀྱི་ཁེ་བེད་བདག་ཐོབ་དཔེ་གསར་ཞིག་ཀྱང་རེ་ཞུ་བྱས་པ་རེད། ཚོགས་པས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་མིག་སྔར་ཞལ་ཐང་ཆེན་མོ་དེར་སྨི་210ལྷག་ཙམ་འཚེམ་དྲུབ་བྱས་ཟིན་པ་དང་། ད་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་བྱེད་རྩིས་ཡོད་པ་རེད།
“མི་རིགས་ཀྱི་རིག་གནས་དང་ཟུང་འབྲེལ་བྱས་ནས་མཚོན་བྱེད་རང་བཞིན་གྱི་འཚེམ་དྲུབ་ཐོན་རྫས་བཟོས་ན། འཚེམ་དྲུབ་ལ་གཞི་ནས་མི་དེ་བས་མང་བས་ཤེས་རྟོགས་ཐུབ་སྟེ་ཁྲོམ་རའི་ཐོག་གཞི་ཚུགས་ཐུབ”ཅེས་ལྷ་མོ་གཡུ་སྒྲོན་གྱིས་བརྗོད་པ་རེད།