དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལེའོ་ཉིང་ཞིང་ཆེན་ཕན་ཅིན་གྲོང་ཁྱེར་ཏ་ཝ་ཆུས་ཀྱི་ཚན་རྩལ་ཁང་ཆུང་ངུར་བསྐྱོད་པ།

    རྟག་ཏུ་ཞིང་ནང་བསྡད་པས་ཡུལ་ཕྱོགས་ཀྱི་བརྩེ་སེམས་ཟབ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཤིན་དབྱང་།   |     སྤེལ་དུས།  2024-05-12

    ལེའོ་ཉིང་ཞིང་ཆེན་ཕན་ཅིན་གྲོང་ཁྱེར་ཏ་ཝ་ཆུས་ཟུར་གསུམ་གླིང་གསར་སྤེལ་ཁུལ་ཤིང་ཧའེ་གྲོང་ཚོར་ཆར་པ་སིམ་སིམ་ཞིག་གིས་འབྲས་ཞིང་བརླན་པར་བྱས། ཞིང་ནང་དུ་ཏ་ཝ་སྡིག་སྲིན་ཚན་རྩལ་ཁང་ཆུང་ངུ་གནས་ཤིང་། དེའི་གཞོགས་གཅིག་ནི་ལྗང་པ་འཛུགས་བཞིན་པའི་འབྲས་ཞིང་ཡིན་པ་དང་གཞོགས་གཞན་ཞིག་ནི་མཚོ་འགྲམ་དམར་པོ་རེད།

    ཚན་རྩལ་ཁང་ཆུང་ངུའི་ནང་རྫས་འགྱུར་བརྟག་དཔྱད་ཀྱི་གྱོན་ཆས་དཀར་པོ་གྱོན་པའི་སློབ་མ་ཉི་ཤུ་ལྷག་ཙམ་གྱིས་མ་དཔེ་བླངས་ནས་ཤེལ་དམ་ནང་ལྡུག་པ་དང་། སྨན་སྡེབ་སྦྱོར། ལྟ་ཞིབ་ཟིན་ཐོ་འགོད་པ་བཅས་བྱེད་བཞིན་ཡོད་ཅིང་། ཚོད་ལྟ་ཁང་གཙང་ལ་སྒྲིག་ཆས་ཀྱང་འཐུས་སྒོ་ཚང་པོ་ཡོད།

    “མུའུ་2ཡོད་པའི་རྫིང་བུའི་ནང་གི་སྡིག་སྲིན་རྒྱ་མ་2000ལ་ནད་ཕོག་བཟོ་འདུག་པས་གང་འདྲ་བྱེད་དགོས་སམ”ཞེས་ཏ་ཝ་ཆུས་ཏུང་ཧྥུང་གྲོང་རྡལ་ཨེར་ཏའོ་པན་གྲོང་ཚོའི་སྡིག་སྲིན་གསོ་ཚགས་དུད་ཚང་སུན་ཧའེ་དབྱང་གིས་སེམས་འཚབ་ཆེན་པོས་བཤད།

    འབུམ་རམས་ཞིབ་འཇུག་སློབ་མ་ཡུས་དབྱི་ལིན་གྱིས་སྡིག་སྲིན་གྱི་ཕྱི་ཤུན་ག་ལེར་ཕྱེ་སྐབས་ཁོག་པའི་ནང་འོ་དབྱིབས་རྨེན་གཟུགས་ཀྱིས་ཁེངས་ཡོད་པ་ཤེས། “ལྟོས་དང་། འདི་ནི‘འོ་མའི་ནད’ཕོག་པའི་སྡིག་སྲིན་རེད། ནད་གཞི་ཕོག་ཚེ་སྡིག་སྲིན་གཞན་དག་ལ་འགོ་སྲིད”ཚོད་ལྟ་ཁང་གིས་མ་དཔེ་ལ་ཞིབ་དཔྱད་བྱས་པ་ལྟར་ན། སུན་ཧའེ་དབྱང་གིས་གསོས་པའི་སྡིག་སྲིན་ལ“འོ་མའི་ནད”ཕོག་ཚད་16%ཟིན་ཡོད།

    “འོ་མའི་ནད”ནི་ཉེ་བའི་ལོ་འགའི་རིང་ཐོན་པའི་འགོ་ནད་ཀྱི་རིགས་ཤིག་ཡིན་ཞིང་། སྡིག་སྲིན་གསོ་ཚགས་དང་དགུན་སྒྲོལ་བྱེད་རིང་མང་པོ་ཤི་ནས་གསོ་ཚགས་དུད་ཚང་ལ་གྱོང་གུན་ཆེན་པོ་བཟོ་གི་ཡོད།

    ཡུས་དབྱི་ལིན་དང་སློབ་གྲོགས་ཚོས་དེའི་ཆེད་གཞི་གྲངས་མང་པོ་འཚོལ་བསྡུ་དང་ཚོད་ལྟ་མང་པོ་བྱས་ལ། ཚན་རྩལ་ཁང་ཆུང་ངུའི་ལས་ཀའི་ཉིན་ཐོའི་ནང་རྫས་འགྱུར་རིག་པའི་མཉམ་བྱའི་རྩིས་ཕྲེང་གིས་ཁེངས་ཡོད།

    2019ལོར་རབ་འབྱམས་ཞིབ་འཇུག་སློབ་མ་ཡུས་དབྱི་ལིན་ཏ་ཝ་སྡིག་སྲིན་ཚན་རྩལ་ཁང་ཆུང་ངུའི་འབྲས་ཞིང་གི་སྡིག་སྲིན་ལ་ཞིབ་འཇུག་བྱེད་མཁན་བུད་མེད་སློབ་ཆེན་སློབ་མ་དང་པོར་གྱུར། འབྲས་ཞིང་ནང་བསྐྱོད་དེ་ཆུ་གཏིང་གི་འདམ་བག་གི་མ་དཔེ་ལེན་པ་དང་། ཟས་རིགས་སྟེར་བ། ཚོད་ལྟའི་རྫིང་བུ་འཁྲུ་བ་སོགས“ཚོད་ལྟ་ཛ་དྲག་ཤོས་ཀྱི་དུས་སུ་ཉིན་ལྟར་ཆུ་ཚོད་5པར་ཚོད་ལྟ་བྱ་ཡུལ་དུ་འབྱོར་དགོས་ཀྱི་ཡོད། འདམ་རྫབ་ཀྱི་དྲི་ངན་ལ་གོམས་པ་མ་ཟད། དུག་སྦྲང་གིས་སོ་འདེབས་པར་ཡང་གོམས་འདུག”ལག་ནང་གི་ཚོད་ལྟའི་སྦུ་གུ་ཕར་བཞག་རྗེས་ཡུས་དབྱི་ལིན་གྱིས་མིག་ཤེལ་བཀྱག་ཙམ་བྱས་ནས“དཀའ་ལས་ཧ་ཅང་ཁག་པོ་འདུག་ལ་སྐྱིད་པོའང་འདུག ཚོད་ལྟ་མང་པོ་བྱས་པས་འབྲས་བུར་ཡིད་ཆེས་ཆེན་པོ་བྱེད་རུང་བ་དང་ཐོན་སྐྱེད་ལ་མཛུབ་ཁྲིད་བྱེད་པར་དོན་སྙིང་དེ་བས་ཆེ་བ་ལྡན་ཡོད། ངའི་རེ་བ་ཆེ་ཤོས་ནི“འོ་མའི་ནད”འགོག་པའི་འབུ་ཕྲ་གང་མགྱོགས་གསོ་རྒྱུ་དེ་ཡིན”ཞེས་བཤད།

    ཕྱོགས་གཅིག་ནི་ཚན་རིག་ཞིབ་འཇུག་སློབ་གྲྭ་ཡིན་པ་དང་། ཕྱོགས་གཞན་ཞིག་ནི་ཞིང་ཁ་དང་འབྲེལ་ཡོད། 2018ལོར་ཧྲེན་དབྱང་ཞིང་ལས་སློབ་ཆེན་གྱི་ཆུ་ཐོན་གསོ་ཚགས་རིག་པའི་ཆེད་ལས་ཀྱིས་ཧྲེན་དབྱང་ཞིང་ལས་འོད་འདྲེས་དེང་རབས་ཞིང་ལས་ཐོན་ལས་སློབ་གླིང་དང་ཕན་ཅིན་འོད་འདྲེས་སྡིག་སྲིན་ལས་རིགས་ཚད་ཡོད་ཀུང་སིར་བརྟེན་ནས་ལེའོ་ཉིང་ཏ་ཝའི་སྡིག་སྲིན་ཚན་རྩལ་ཁང་ཆུང་ངུ་དེ་བཙུགས་པ་རེད། དབུ་བཞུགས་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་ལི་ཞའོ་ཏུང་གིས་མཛུབ་ཁྲིད་དགེ་རྒན་13གྱི་སྣེ་ཁྲིད་པ་དང་། སྔ་རྗེས་སུ་སློབ་མ་41ཚན་རྩལ་ཁང་ཆུང་ངུ་དེའི་ནང་སློབ་སྦྱོང་དང་འཚོ་བར་རོལ་བར་བསྐྱལ་བ་རེད། འདི་གར་ཁོང་ཚོ་ནི་དགེ་རྒན་ཆེ་མོ་བ་དང་སློབ་མ་རེད་ལ། ཞིང་ལས་ལག་རྩལ་ཆེ་མོ་བ་དང་ཞིང་ལས་ལག་རྩལ་པའང་རེད། མ་ཟད་ཁོང་ཚོ་དང་ཞིང་པའི་འབྲེལ་བ་ཡང་དམ་ཟབ་ཡོད།

    “རྐང་པའི་སྟེང་འདམ་རྫབ་དང་ལུས་སྟེང་དུ་ཐལ་རྡུལ་གྱིས་ཁེངས་ཚེ། ད་གཟོད་ཞིང་ལས་དང་གྲོང་གསེབ་ལ་རྒྱུས་ལོན་སྔར་བས་གཏིང་ཟབ་ཐུབ་ལ། བྱས་རྗེས་འཇོག་ཐུབ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཐུབ”སློབ་མ་ཚོའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་ལ་ལྟ་བཞིན་ལི་ཞའོ་ཏུང་དགའ་སྤྲོ་ཆེན་པོ་བྱུང་ཡོད། “ཚན་རྩལ་ཁང་ཆུང་ངུ་དེར་དཔྱད་ཞིབ་ལམ་ལུགས་ནན་པོ་ཡོད་པ་དང་། 2022ལོ་ནས་ད་ལྟའི་བར་ཆ་སྙོམས་མི་རེས་ལོ་ལྟར་ལས་ཀའི་ཉིན་ཐོ་121.2དང་ཁྱོན་ཉིན་ཐོ་2541ལེགས་གྲུབ་ཟིན་ཡོད”ཅེས་བཤད།

    སློབ་མ་ཁ་ཤས་ཀྱིས་སྐད་ཆ་འཕྲོག་སྟེ“ང་ཚོ་ལོ་ལྟར་རྟེན་གཞིར་ཉིན་300སྡོད་དགོས་ཀྱི་ཡོད”“ང་ཚོས་ཚན་རྩལ་ཁང་ཆུང་ངུའི་ལས་ཀའི་ཉིན་ཐོ་འབྲི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་ཞིབ་བརྒྱུད་རིམ་དང་ཕན་འབྲས། ཞིང་དུད་དང་འབྲེལ་གཏུག་བྱེད་རིང་འཚོལ་བསྡུ་བྱས་པའི་གནད་དོན་དང་བསམ་གཞིག་ཉིན་ཐོའི་ནང་འགོད་པ་མ་ཟད། ལས་ཀའི་ནང་དོན་དང་། ཚན་ཞིབ་གྲུབ་འབྲས། སློབ་སྦྱོང་འཚར་ལོངས་སོགས་ཀྱང་ཟིན་ཐོར་འགོད་ཀྱི་ཡོད” “ང་ཚོས་ད་དུང་ལོ་ལྟར་ཞིང་དུད་ཀྱི་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཞིང་པར་ཆུའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་དང་། གསོ་ཚགས་ལག་རྩལ་བློ་འདྲི་དང་ལེན། ས་ཆུ་དང་དེ་བཞིན་གསོ་ཚགས་སྐྱེ་དངོས་ཀྱི་མ་དཔེ་འཚོལ་བསྡུ་བྱས་ནས་ཞིབ་དཔྱད་ཚད་ལེན་སོགས་བྱེད་དགོས་ཀྱི་ཡོད”ཅེས་བཤད།

    ཚན་རྩལ་ཁང་ཆུང་ངུ་དེ་ལས་ནུས་པ་ཆེན་པོ་ཐོན་གྱི་ཡོད་ཅིང་། མཐོ་སློབ་ཀྱི་ཚན་རྩལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས། ཚན་རྩལ་ཁང་ཆུང་ངུས་ཚན་རྩལ་མི་སྣ་དང་ཞིང་པའི་དབར་ཐག་ཉེ་ས་ནས་འབྲེལ་གཏུག་བྱེད་དུ་བཅུག་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་སྒུལ་ཤུགས་བསྣན་ཡོད། ལོ་འགའི་རིང་། ཚན་རྩལ་ཁང་ཆུང་ངུས《ཚྭ་མེད་ཆུའི་ཉ་ལས་ཀྱི་རྒྱུད་པ་གསར་པ་འདེམས་གསོ་དང་ནུས་ཆེའི་ཐོན་སྐྱེད་ལག་རྩལ》དང《སྡིག་སྲིན་གྱི་འོ་མའི་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་ཞིབ་འཇུག》སོགས་ཚན་ཞིབ་ལས་འགན་ལེགས་སྒྲུབ་བྱས་པ་དང་འབྲེལ་ཞིབ་བཤེར་རྩིས་ལེན་ཡང་ཐུབ་པ་དང་། རྩལ་ནུས་གསོ་སྦྱོང་དང་ཞབས་ཞུ་སྣུར་སྲིང་བྱས་པས་ཞིང་པ་2000ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    ད་ཆ་ཏ་ཝ་ཆུས་སུ་ཚན་རྩལ་ཁང་ཆུང་ངུ་ཆར་རྗེས་ཀྱི་མྱུ་གུ་བཞིན་འཕེལ་རྒྱས་ཡག་པོ་བྱུང་ཞིང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཕན་ཅིན་གྲོང་ཁྱེར་ཏ་ཝ་ཆུས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲའོ་པའོ་ཏུང་གིས། 2021ལོ་ནས་ད་བར། ཕན་ཅིན་གྱི་འབྲས་དང་ཕན་ཅིན་གྱི་སྡིག་སྲིན་སོགས་ཞིང་ལས་སྤུས་རྟགས་ལ་དམིགས་ནས། ཏ་ཝ་ཆུས་ཀྱིས་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁང་ཆུང་ངུ་6དང་། ཞིང་ཆེན་རིམ་པའི་ཚན་རྩལ་ཁང་ཆུང་ངུ་1 རྫོང་དང་ཆུས་རིམ་པའི་ཚན་རྩལ་ཁང་ཆུང་ངུ་3བསྐྲུན་ཡོད། “ཞིང་ནང་དུ་བཙུགས་པའི་ཚན་རྩལ་ཁང་ཆུང་ངུ་ལས་ཡུལ་ཕྱོགས་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ཏུ་ཕྱིན་ཏེ་ཤེས་ལྡན་མི་སྣའི་འབྱུང་གནས་སུ་གྱུར་ཅིང་། ཞིང་ལས་ལག་རྩལ་ཁྱབ་གདལ་གྱི‘མཐའ་མའི་འགག་གནད’བསལ་ཡོད”ཅེས་ཧྲའོ་པའོ་ཏུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།