ཞི་ཅིན་ཕིང་ཧང་ག་རིའི་ཙུང་ལི་ཨོར་པན་གྱིས་གཉེར་བའི་ཞལ་གྱེས་ཞུ་བའི་མཛད་སྒོར་ཞུགས་པ།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་10ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་པུ་ཏ་ཕེ་སིར་གདན་ཞུས་ལྟར་ཧང་ག་རིའི་ཙུང་ལི་ཨོར་པན་དང་སྐུ་ཟླས་གཉེར་བའི་ཞལ་གྱེས་ཞུ་བའི་མཛད་སྒོར་ཞུགས་པ།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་10ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་པུ་ཏ་ཕེ་སིར་གདན་ཞུས་ལྟར་ཧང་ག་རིའི་ཙུང་ལི་ཨོར་པན་དང་སྐུ་ཟླས་གཉེར་བའི་ཞལ་གྱེས་ཞུ་བའི་མཛད་སྒོར་ཞུགས་པ་རེད།
རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་སྟངས་དཔྱལ་གྱིས་ལྷན་དུ་པུ་ཏ་ཕེ་སི་གྲོང་ཁྱེར་གྱི་རྣམ་པར་རྒྱང་གཟིགས་གནང་ཞིང་། ཏུའོ་ནའོ་ཧོ་གཙང་པོའི་ངོགས་གཉིས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་དག་སྤྱན་ལམ་དུ་གསལ་ལྷམ་མེར་མངོན།
ཨོར་པན་གྱིས་ཞི་ཅིན་ཕིང་ལ་པུ་ཏ་ཕེ་སི་གྲོང་ཁྱེར་གྱི་ལོ་རྒྱུས་དང་། འཕེལ་རྒྱས། འཆར་འགོད་བཅས་ངོ་སྤྲོད་གནང་བ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཧང་ག་རིའི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་སྐྲུན་འགན་འཁུར་བའི་རྣམ་གྲངས་ཧ་ཅང་མང་པོ་ཞིག་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་རྣམ་གྲངས་ཨ་མ་དང་མཛའ་གྲོགས་ཀྱི་མཚོན་རྟགས་ལ་གྱུར་ཡོད། ཕྱོགས་མང་པོའི་ཐད་ཀྲུང་གོའི་ལག་རྩལ་གྱིས་འཛམ་གླིང་གི་སྔོན་ཚུད་གནས་བབ་བཟུང་ཡོད་པས་ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དེ་བས་མང་བ་བྱས་ནས། ཀྲུང་གོའི་སྔོན་ཐོན་ལག་རྩལ་དེ་བས་མང་བ་ནང་འདྲེན་བྱས་ཏེ་ཧང་ག་རིའི་རྒྱལ་ཁབ་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་རམ་འདེགས་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཨོར་པན་གྱིས་སྤྲོ་སེམས་འཁོལ་བའི་གདན་ཞུ་དང་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ངས་འདི་ནས་པུ་ཏ་ཕེ་སིའི་ལོ་རྒྱུས་དང་སྲོལ་རྒྱུན་མྱོང་ཚོར་ཐུབ་བྱུང་ལ། གསོན་ཤུགས་གསར་པ་ཡང་མཐོང་བྱུང་བས། ཧང་ག་རིར་ངོས་འཛིན་བྱེད་ཟབ་ཏུ་ཕྱིན་ཏེ་བརྗེད་པར་དཀའ་བའི་དྲན་འཆར་ཞིག་བཞག་བྱུང་། ལོ་15སོང་རྗེས། ཧང་ག་རིར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཀྲུང་ཧང་དབར་གྱི་སྤེལ་རེས་མཉམ་ལས་ཀྱིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་ལེགས་སྐྱེས་ཕུལ་མྱོང་ཡོད། མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་དབྱེས་ཧང་ག་རིར་གོ་སྐབས་དེ་བས་མང་བ་སྦྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་དཔལ་འབྱོར་ལག་རྩལ་སྤེལ་རེས་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་པོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་སྒེའུ་ཁུང་གི་འགྲམ་དུ་བཞེངས་ཏེ་རང་རང་སོ་སོའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་མྱོང་ཚོར་ལྷུག་པོར་གླེང་གནང་བ་མ་ཟད། ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་དགོངས་ཚུལ་བརྗེ་རེས་ཀྱང་གནང་ནས་ཐུན་མོང་གི་ངོས་འཛིན་ཧ་ཅང་མང་པོ་གྲུབ་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ཏང་གི་ལོ་རྒྱུས་དང་ཏང་ལ་དོ་དམ་དང་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གལ་ཆེན་ངོ་སྤྲོད་གནང་ཞིང་། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་ནི་ཏང་ཡོན་བཅུ་ཕྲག་ཁ་ཤས་ལས་མེད་པའི་ཏང་ཆུང་ངུ་ཞིག་ནས་ཏང་ཡོན་ཁྲི་9800ལྷག་ཙམ་ཡོད་པའི་ཏང་ཆེན་པོ་ཞིག་ཏུ་འཚར་ལོངས་བྱུང་བ་དང་། དེའི་བརྒྱུད་རིམ་ནང་ཚོད་བགམ་དྲག་པོ་མང་པོའི་ཉམས་སད་ཐེག་པ་དང་ཀྲུང་གོར་འགོ་ཁྲིད་བྱས་ཏེ་ད་ལྟའི་གྲུབ་འབྲས་ཐོབ་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་མུ་མཐུད་རྣམ་པར་རྒྱལ་ནས། ཀྲུང་གོའི་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་རྒྱུན་འཁྱོངས་བྱུང་སྟེ་ཀྲུང་གོའི་མི་དམངས་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་པ་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་འཚམས་འདྲིའི་དུས་ཡུན་རིང་པོ་མེད་ཀྱང་ང་ཚོས་འབྲེལ་གཏུག་གང་ལེགས་དང་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་གྲུབ་ཡོད། ང་ཚོས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་གསར་པར་སླེབས་པར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་ཡིན། ཀྲུང་ཧང་རྒྱལ་ཁབ་གཉིས་ཀྱི་འདུ་ཤེས་འདྲ་མཚུངས་ཡིན་པ་དང་ཚང་མས་རང་བཙན་རང་བདག་ལ་བརྩི་མཐོང་བྱེད་ཀྱི་ཡོད། ངས་ཙུང་ལི་ཨོར་པན་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྒྱུན་འཛིན་བྱེད་པར་སྣེ་ཁྲིད་བྱས་ནས། ཐུན་མོང་ཐོག་འབད་བརྩོན་གྱིས་ང་ཚོར་བྱུང་བའི་ཐུན་མོང་གི་ངོས་འཛིན་དག་མཉམ་ལས་ཀྱི་གྲུབ་འབྲས་དངོས་སུ་བསྒྱུར་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མུ་མཐུད་བདེ་སྐྱིད་བསྐྲུན་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ངས་ཀྲུང་ཧང་དབར་གྱི་འབྲེལ་བའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་གདེང་ཚོད་ཀྱིས་ཁེངས་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།