ཞི་ཅིན་ཕིང་དང་ཧང་ག་རིའི་ཙུང་ལི་ཨོར་པན་གྱིས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་ཙུང་ལིའི་ལས་ཤག་ཏུ་ཧང་ག་རིའི་ཙུང་ལི་ཨོར་པན་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་ཙུང་ལིའི་ལས་ཤག་ཏུ་ཧང་ག་རིའི་ཙུང་ལི་ཨོར་པན་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཀྲུང་ཧང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ལོ་75ཡི་རིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་བཏང་བས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ང་དང་ཙུང་ལི་ཨོར་པན་དབར་བྱམས་བརྩེ་ལྡན་ལ་མཛའ་མཐུན་དང་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ་དུས་རབས་གསར་པའི་ཀྲུང་ཧང་གི་འབྲེལ་བ་འཕེལ་རྒྱས་དང་དེ་བཞིན་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་བ་མ་ཟད། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་གལ་ཆེན་རབ་དང་རིམ་པ་བརྗེ་རེས་ཀྱི་དཔང་པོའང་བྱས་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་མདུན་ལམ་ཐད་ང་ལ་གདེང་ཚོད་ཀྱིས་ཁེངས་བཞིན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་དང་ཙུང་ལི་ཨོར་པན་གཉིས་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་ཧང་རྒྱལ་ཁབ་གཉིས་ནི་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་རོགས་རེས་ཀྱི་གྲོགས་པོ་བཟང་པོ་དང་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་བཟང་པོ་ཞིག་ཡིན་པས་ཕྱོགས་གཉིས་པོའི་འབྲེལ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་ཧང་གི་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་དེ་འགོ་འཛུགས་ས་གསར་པར་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ང་ཚོ་ཚང་མས་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དེས་ཀྲུང་ཧང་འབྲེལ་བ་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་བའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་ཀྱི་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་། ཧང་ག་རི་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན།
ང་ཚོ་ཚང་མས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཧང་ག་རིའི“ཤར་ཕྱོགས་སྒོ་དབྱེའི”འཐབ་ཇུས་གཉིས་ཚད་མཐོའི་འཚམ་མཐུན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། དཔལ་འབྱོར་ཚོང་དོན་དང་མ་འཇོག་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཧང་སེར་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་རམ་གཅིག་འདེགས་བྱ་རྒྱུ་ཡིན།
ང་ཚོས་ཀྲུང་ཧང་གི་སྲོལ་རྒྱུན་མཛའ་གྲོགས་ལ་རྨང་གཞི་ཟབ་མོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྐད་ཡིག་སློབ་ཁྲིད་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་ཕན་ཚུན་གྱིས་བཙུགས་པའི་རིག་གནས་ལྟེ་གནས་ཀྱི་ལས་སྟེགས་ཡག་པོ་སྤྱོད་པ་དང་། ལུས་རྩལ་དང་། སྨྱན་སྦྱོར། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དམངས་སེམས་ཕན་ཚུན་གཅིག་འབྲེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་རང་སོ་སོའི་རྒྱལ་མཚམས་འཛུལ་སྒྲོལ་གྱི་སྲིད་ཇུས་སྔར་བས་ལེགས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཐད་གཏོང་མཁའ་ལམ་གྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཉིས་ཀྱི་མི་སྣ་འགྲོ་འོང་རྒྱ་ཆེར་གཏོང་ཆེད་མཐུན་རྐྱེན་དེ་བས་མང་བ་གཏོད་རྒྱུ་ཡིན།
ང་ཚོས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ཐད་མཉམ་གྲོས་དང་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་ས་ཁོངས་བརྒལ་བའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་བཙུགས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་ཧང་ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ཁྱབ་ཁོངས་དེ་བས་ཆེ་བ་དང་། ཁྱབ་རྒྱ་དེ་བས་ཆེ་བ། རིམ་པ་དེ་བས་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཡོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོང་ཆེན་བྱས་ནས་ཡོ་རོབ་ནི་སྣ་མང་འཛམ་གླིང་ཁྲོད་ཀྱི་སྣེ་གལ་ཆེན་ཞིག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རོགས་ཟླ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཧང་ག་རི་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་ནང་ནུས་པ་དེ་བས་ཆེ་བ་བཏོན་ནས་ཀྲུང་ཡོའི་དབར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ཀྲུང་ཧང་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འཛིན་པའི་ལྟ་སྟངས་དང་ལངས་ཕྱོགས་གཅིག་མཚུངས་ཡིན་པ་དང་། ཕྱོགས་མང་ཁྱབ་ཁོངས་སུ་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བརྟན་པོ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པར་ང་ཚོས་ངོས་འཛིན་གཅིག་མཐུན་བྱེད་ཀྱི་ཡོད།
ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ལ་གོ་སྐབས་ཧ་ཅང་ཆེན་པོ་སྦྱིན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་འདོད་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཧང་རྒྱལ་ཁབ་གཉིས་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
ཨོར་པན་གྱིས་ཧང་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ཧང་ཀྲུང་དབར་གྱི་མཛའ་གྲོགས་ཟབ་པ་དང་འབྲེལ་བ་བརྟན་པོ་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་གི་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ནས་གཉིས་ཕན་མཉམ་ལས་བྱས་ཏེ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཧང་ག་རིར་དཀའ་ངལ་འཕྲད་དུས་ཀྲུང་གོས་རྩ་ཆེའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་འཛམ་གླིང་སྣ་མང་ཅན་གྱི་བཀོད་པའི་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་དང་དགེ་མཚན་ལྡན་པ་ཞིག་རེད། ཧང་ག་རི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་ཉམས་ཉེན་སོགས་ས་ཁུལ་གྱི་གདོང་ཐུག་ཞི་བའི་ངང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་བཏོན་པའི་ཇུས་གཞིར་ཁས་ལེན་བྱེད་ཀྱི་ཡོད། ཧང་ག་རི་ཕྱོགས་ཀྱིས་ཧང་ཀྲུང་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་རང་རང་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་བློ་བརྟན་འགྱུར་མེད་ཀྱི་མཉམ་ལས་རོགས་ཟླ་ཞིག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།