ཧང་ཀྲུང་གི་འབྲེལ་བ་འཕེལ་རྒྱས་ལ་འཆར་གཞི་གསར་པ་བཀོད་པ།
—— ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ལ་ཧང་ག་རིར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་5ཚེས་8ཉིན། པུ་ཏ་ཕེ་སིར་ཕེབས་ནས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིའི《ཧང་ག་རི་མི་རིགས་ཚགས་པར》ཐོག《ལག་གདང་སྦྲེལ་ནས་ཀྲུང་ཧང་གི་འབྲེལ་བ་དུས་སྐབས་ཡག་ཤོས་སུ་སླེབས་པར་ཁྲིད་སྟོན་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་དབར་སྔོན་ཚུད་ཀྱི་མཉམ་ལས་རོགས་ཟླར་བརྩི་བ། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་རྙོག་འཛིང་དང་བཙན་དབང་ལ་མི་སྐྲག་པར་བདག་དབང་རྒྱལ་ཁབ་ཀྱི་རང་བཙན་རང་བདག་གི་ཕྱི་ཕྱོགས་མཛའ་གྲོགས་འགྲོ་འོང་གི་ཡང་དག་པའི་ལམ་བུར་བསྐྱོད་ཡོད་ཅེས་གསུངས་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཧང་ག་རིའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་ཧང་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་གཡུར་ཟའི་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བ་དང་ཧང་ཀྲུང་གི་འབྲེལ་བའི་འཕེལ་རྒྱས་ལ་འཆར་གཞི་གསར་པ་བཀོད་ཡོད་ཅེས་བརྗོད།
ཧང་ག་རིའི་མ་ཀེ་ནུའུ་སི་གནམ་གྲུ་བཟོ་སྐྲུན་ཀུང་སིའི་ཙུང་ཚའེ་པོ་ལུའོ་ཧྲི·ལ་སི་ལུའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང“ཀྲུང་ཧང་གཉིས་པོས་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་གསུངས་ཡོད་པས་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ཁོང་གིས“ཀྲུང་གོའི་ཁྲོམ་རའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ང་ཚོ་དང་ཀྲུང་གོའི་མཉམ་ལས་རོགས་ཟླའི་དབར་གྱི་མ་འཇོག་རྣམ་གྲངས་ཁག་བདེ་བླག་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། ཀྲུང་གོ་དང་མཉམ་ལས་བྱས་པ་དེས་ཧང་ག་རིའི་ཁེ་ལས་ལ་གོ་སྐབས་དེ་བས་མང་བ་གཏོད་རྒྱུར་ཕན་ཐོགས་ཡོད”ཅེས་བརྗོད།
ཧང་ག་རིའི་རྒྱལ་དམངས་དཔལ་འབྱོར་པུའི་རྒྱལ་སྤྱི་མཉམ་ལས་དང་དངུལ་རྩ་འཕེལ་རྒྱས་སིའི་འགན་འཁུར་བ་ཨན་ཏེ་ལི་ཡཱ·པའོ་ཏཱ་ཡིས་ཧང་ཀྲུང་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་མ་ཟད། འབྱུང་འགྱུར་རྒྱལ་ཁབ་གཉིས་པོས་ནུས་རྒྱུ་གཙང་མ་དང་། མི་ཐབས་རིག་ནུས། གྲངས་གཞིའི་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆོག་པ་དང་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧང་ག་རིར་མ་འཇོག་འཕེལ་རྒྱས་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་། མིག་སྔར་ཀྲུང་གོ་དང་ཧང་ག་རི་གཉིས་ཀ་རང་རང་སོ་སོའི་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཧང་ག་རིས་ཀྱང་ཧུར་བརྩོན་རྒྱལ་སྐྱོང་གིས་འཕེལ་རྒྱས་དེ་བས་ཆེ་བ་ཡོང་ཐབས་བྱེད་བཞིན་ཡོད། ངས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཧང་ག་རིའི་འགོ་ཁྲིད་པ་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་གཉིས་ཕན་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་ཀྲུང་ཧང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་ཡོད།
ཧང་ཀྲུང་ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་དམིགས་ཏེ་མ་འཇོག་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དངུལ་རྩ། ནུས་རྒྱུ་གསར་པ། འཕྲིན་གཏོང་ལག་རྩལ་སོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཧང་ག་རིའི་རྒྱལ་ཁབ་དངུལ་ཁང(ཀྲུང་དབྱང་དངུལ་ཁང)གི་ཧང་ཀྲང་མའོ་ཐུར་ཆི·ཅེར་ཅི་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཡོ་རོབ་དང་ཨེ་ཤེ་ཡ་ཕན་ཚུན་སྦྲེལ་མཐུད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ཧང་ག་རི་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཀྱི་འོད་ཟེར་ལྡན་པའི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་སྔ་ཤོས་ཀྱི་ཡོ་རོབ་རྒྱལ་ཁབ་ཡིན་པའི་ཧང་ག་རི་ཡིས“ཤར་ཕྱོགས་སུ་སྒོ་མོ་དབྱེ་བའི”འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་གཏིང་ཟབ་འབྲེལ་མཐུད་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཡོ་རོབ་དང་ཨེ་ཤེ་ཡའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་། ཉེ་དུས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད། ཀྲུང་ཡོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་ཡིན་པ་དང་ཕྱོགས་གཉིས་པོར་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་པ་དང་། མཉམ་ལས་ནི་འགྲན་རྩོད་ལས་གལ་ཆེ་བ་དང་ཐུན་མོང་གི་ངོས་འཛིན་ནི་མི་མཐུན་ས་ལས་མང་བ་ཡོད། ཕྱོགས་གཉིས་པོར་ཐུན་མོང་ཐོག་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་དེ་བས་མང་བ་མཁོ་འདོན་བྱེད་པའི་འགན་འཁྲི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ—ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་བསྐྱོད་པར་སྣེ་ཁྲིད་བྱས་ནས་ཀྲུང་ཡོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།
ཧང་ག་རིའི་ཅི་རུའེ་སྨན་རྫས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཨོར་པན·ཅ་པོར་གྱིས་འདི་ལོའི་ལོ་སྨད་དུ་ཧང་ག་རིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། “འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་བལྟས་ཚེ། ཧང་ག་རི་དང་ཀྲུང་གོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ན་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་རེད། ལོ་ཤས་རིང་ང་ཚོས་ཀྲུང་གོ་དང་ཚན་ཞིབ་མཉམ་ལས་དེ་བས་མང་བ་བྱས་ནས་ཀྲུང་གོའི་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ཧང་ག་རི་བརྒྱུད་ཡོ་རོབ་ཀྱི་ཁྲོམ་རར་མཁོ་འདོན་བྱེད་ཆོག་པ་མ་ཟད། ཡོ་རོབ་ཀྱི་གསར་གཏོད་ཐོན་རྫས་དེ་བས་མང་བའང་ཧང་ག་རི་བརྒྱུད་ཀྲུང་གོར་མཁོ་འདོན་བྱེད་ཆོག”ཅེས་བརྗོད།
“ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་། ཁུང་ཙི་སློབ་གླིང་དང་ཁུང་ཙི་སློབ་ཁང་ལ་ཧང་ག་རིར་དགའ་བསུ་ཆེན་པོ་ཐོབ་པས། ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད” ཧང་ག་རིའི་ལའོ་ལན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཁུང་ཙི་སློབ་གླིང་གི་ཧང་ག་རི་ཕྱོགས་ཀྱི་ཡོན་ཀྲང་ཧའོ་ཆིང་ཤིན་གྱིས་དམངས་སེམས་འབྲེལ་མཐུད་ནི་ཧང་ཀྲུང་གི་འབྲེལ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ཧང་ཀྲུང་དང་ཡོ་ཀྲུང་གིས་སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་དེས་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་། སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ། ཧང་ཀྲུང་དང་ཡོ་ཀྲུང་གི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་ཅེས་བརྗོད།