ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ཁག་གི་མང་ཚོགས་ལ་ཁ་ཕྱོགས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་དང་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་གཏིང་ཟབ་བསྟར་དགོས”ཞེས་ནན་བཤད་གནང་ཡོད། ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་རེད་ལ་འཚོ་བཅུད་ཆེ་ཤོས་ཀྱང་རེད། ལོ་བརྒྱའི་ཏང་གི་ལོ་རྒྱུས་ལ་ཇི་ཙམ་ཉེ་བཅར་བྱས་ན་དེང་གི་བདེ་སྐྱིད་ཀྱི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་རྟོགས་ཐུབ་པ་དང་། ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་ཇི་ཙམ་བྱས་ན་དེ་སྔོན་ང་ཚོར་རྒྱལ་ཁ་ཐོབ་དོན་གང་ཡིན་པ་དང་འབྱུང་འགྱུར་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་དེ་ཙམ་གྱིས་གསལ་པོར་ཤེས་ཐུབ།
ལོ་བརྒྱར་རྒྱུན་ཆད་མེད་པར་འབད་འཐབ་བྱེད་རིང་། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བགྲོད་ལམ་རླབས་པོ་ཆེ་བཏོད་པ་དང་། མཛད་རྗེས་རླབས་པོ་ཆེ་བཞག་པ། སྙིང་སྟོབས་རླབས་པོ་ཆེ་བཏོད་པ། ཉམས་མྱོང་རྩ་ཆེན་བསགས་ཡོད། ཏང་གིས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་འགོ་ཁྲིད་དེ་རྒྱལ་ཁ་ཟམ་མི་ཆད་པར་བླངས་ཐུབ་དོན་གལ་ཆེན་ཞིག་ནི་ལོ་རྒྱུས་སློབ་སྦྱོང་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་ལ་མཐོང་ཆེན་བྱས་པས་རེད། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ནང་ལོ་རྒྱུས་ཀྱི་ཉམས་མྱོང་ཧ་ཅང་རྩ་ཆེན་པོ་བསགས་ཡོད་ལ། ཧ་ཅང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་བློ་སྒོའང་འདུས་ཡོད། དེ་དག་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་ཟད་མཐའ་མེད་པའི་བསམ་པའི་རྒྱུ་ནོར་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་རེད་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ངལ་ཁྱད་བསད་དང་། མུ་མཐུད་འབད་འཐབ། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་བཅས་ཀྱི་རྨང་གཞི་བརྟན་པོའང་རེད།
ལོ་རྒྱུས་རྒྱུན་འཛིན་ཡག་ཤོས་ནི་ལོ་རྒྱུས་གསར་པ་གཏོད་རྒྱུ་དེ་རེད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་རླབས་པོ་ཆེར“ལོ་རྒྱུས་ལྔ”དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་སྐབས། དྲིལ་བསྒྲགས་སློབ་གསོའི་ནང་དོན་ཁོང་དུ་ཆུད་དགོས་པ་མ་ཟད། ད་དུང་ནང་དོན་ཐད་གོ་དོན་མཐིལ་རྟོགས་དང་གཏན་ཚིགས་ཐད་གཅིག་ལ་གཅིག་བརྟེན་ཡོང་བར་དོ་སྣང་ཡང་བྱེད་དགོས། དཔེ་དེབ་ཀློག་པ་དང་། ལོ་རྒྱུས་སྦྱོང་བ། གཞི་རིམ་དུ་སྒྲོག་འགྲེལ་བྱེད་པ། ཉམས་མྱོང་སློབ་སྦྱོང་བྱེད་པ། གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་བ། སྔོན་ཐོན་དཔེ་བཟང་ལ་སློབ་སྦྱོང་བྱེད་པ། གསར་བརྗེའི་ཁྱིམ་སྲོལ་རྒྱུན་འཛིན་བྱེད་པ། རྒྱལ་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་དང་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྒྲིག་འཛུགས་སོགས་རྒྱ་ཁྱབ་ཏུ་བྱས་ཏེ། དྲིལ་བསྒྲགས་སློབ་གསོ་མང་ཚོགས་དང་། གཞི་རིམ། མི་སེམས་བཅས་སུ་གཏིང་ཟབ་ཟུག་པར་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་ཡོང་ཚད་བརྟན་དུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན་མཐར་གཏུགས་ནས་བཤད་ན། མར་ཁེ་སི་རིང་ལུགས་འགྲིག་པས་ཡིན་པ་དང་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་འགྲིག་པས་ཡིན་པ་སོགས་ཀྱི་གཞི་རྩའི་གནས་ལུགས་གསལ་པོ་རྟོགས་པར་བྱེད་པ། དར་ཆ་གསལ་སྟོན་གྱིས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་བྱས་རྗེས་འཇོག་དགོས་པའི་ཁྲིད་སྟོན་བྱེད་དགོས།