ཨ་ར་འདམ་རར་ཅི་དགར་རོལ་བའི་ཁྲུང་ཁྲུང་སྐེ་ནག
—— ཁྲུང་ཁྲུང་སྐེ་ནག་གི་གནས་སྤོའི་བར་རྒྱུད་ས་ཚིགས་ཨ་ར་འདམ་རའི་སྐོར་བཀོད་པ།
འདི་ནི་ཨ་ར་འདམ་རར་ཟས་འཚོལ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།
འདི་ནི་ཁྲུང་ཁྲུང་སྐེ་ནག་གིས་གངས་རིའི་མདུན་དུ་འཕུར་བཞིན་པ།
འདི་ནི་ཨ་ར་འདམ་རར་བག་ཕེབས་ངང་འཚོ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།
འདི་ནི“མཁའ་ལམ”འགྲམ་དུ་ཡོད་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།
འདི་ནི་ཨ་ར་འདམ་རར་ཁྲུང་ཁྲུང་སྐེ་ནག་དང་མི་འཆམ་མཐུན་ངང་གནས་བཞིན་པ།
འདི་ནི་ཁྲུང་ཁྲུང་སྐེ་ནག་གིས་མགོ་བོ་གནམ་ལ་བཏེགས་ནས་སྐད་རྒྱག་བཞིན་པ།
འདི་ནི་ཨ་ར་འདམ་རར་ཅི་དགར་རོལ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།
ལོ་རེའི་དཔྱིད་ཀ་ཤར་ནས་གནམ་གཤིས་དྲོ་རུ་འགྲོ་བ་དང་བསྟུན། ལྷ་ས་སྐྱིད་ཆུའི་ལུང་གཞུང་དུ་དགུན་སྒྲོལ་ལ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་དག་གནས་སྤོ་འགོ་ཚུགས། ཁྲུང་ཁྲུང་དེ་དག་ལྷུན་གྲུབ་རྫོང་ནས་འདམ་གཞུང་རྫོང་བར་དང་། དེ་ནས་ནག་ཆུའི་དཔལ་མགོན་རྫོང་བརྒྱུད་དེ་ཤན་རྩ་རྫོང་གི་གནས་སྤོའི་ལམ་དུ་བཞུད་དེ་ཐག་རིང་གི་བྱང་རྩྭ་ཐང་དུ་རྒྱུད་པ་སྤེལ་འགོ་ཚུགས། རྒྱུན་དུ་ཁྲུང་ཁྲུང་སྐེ་ནག་དག་གནས་སྤོ་བར་ཉིན་3ནས་5བར་འགོར་གྱི་ཡོད་པ་དང་། འདམ་གཞུང་རྫོང་ཨ་ར་འདམ་ར་ནི་བྱང་ཕྱོགས་སུ་སྐྱོད་པའི་ཁྲུང་ཁྲུང་སྐེ་ནག་མང་ཆེ་བ་ཕར་འགྲོ་ཚུར་འོང་གི་བར་རྒྱུད་ས་ཚིགས་ཡག་ཤོས་ཤིག་ལགས།
ཨ་ར་འདམ་ར་ནི་འདམ་གཞུང་རྫོང་གི་བྱང་ཤར་དུ་གནས་པ་དང་རྒྱ་ཁྱོན་ལ་སྤྱི་ཆིང་9600ལྷག་ཙམ་ཡོད་ཅིང་ས་མཐོའི་སྤང་ཐང་འདམ་རའི་ཁོངས་སུ་གཏོགས། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་སྐྱེ་ཁམས་འཛུགས་སྐྱོང་དང་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་བསྟུན་ནས་ཨ་ར་འདམ་རའི་སྐྱེ་ཁམས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་ཉེ་འཁོར་ས་ཁོངས་ལ་གསོ་རླུང་ཁ་གསབ་དང་། བརླན་བཤེར་ཆེ་རུ་གཏོང་བ། ཆུ་རྩྭ་གསོ་འཁྱོངས། ཁོར་ཡུག་གཙང་སེལ། སྐྱེ་ཁམས་མ་ལག་དོ་སྙོམས་ཡོང་བ་བཅས་ལ་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་པས་ཨ་ར་འདམ་ར་དེ་འདམ་གཞུང་གི“རང་བྱུང་གློ་བ”ལྟ་བུར་གྱུར་ཡོད།
ལྷ་སའི་གྲོང་ཁྱེར་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་ནས་རྒྱ་ཁྱོན་ཆེ་ཤོས་དང་ས་བབ་མཐོ་ཤོས་ཡིན་པའི་ཨ་ར་འདམ་རའི་དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག་གིས་ཁྲུང་ཁྲུང་སྐེ་ནག་དང་། བྱ་གག་དམར་པོ། ཁྲུང་ཁྲུང་མགོ་ཁྲ། ཆུ་སྐྱར་སྨུག་པོ་སོགས་རྩ་ཆེའི་ཆུ་བྱ་དང་འདབ་ཆགས་མང་པོ་འཚོ་སྡོད་ལ་ཆ་རྐྱེན་བསྐྲུན་ཡོད་ལ་ཤུག་པ་དང་། སེ་རྒོད། ལུག་མིག་མེ་ཏོག སྤང་རྒྱན་སོགས་འདམ་རའི་རྩི་ཤིང་ཡང་ཧ་ཅང་མང་པོ་སྐྱེ་ཚར་ཐུབ་པས་ཁྲུང་ཁྲུང་སྐེ་ནག་གནས་སྤོ་སྐབས་བར་རྒྱུད་དུ་ངལ་གསོ་བའི་ས་ཚིགས་ཡག་ཤོས་སུ་གྱུར་ཡོད།
2009ལོར། ལོ་34ལ་སླེབས་པའི་ཉི་མ་དོན་གྲུབ་འདམ་གཞུང་རྫོང་གི་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་པར་གྱུར་བ་དང་ལས་ཀ་འདི་བྱས་ནས་ལོ་15སོང་བས་ཚང་མས་ཁོང་ལ“ཁྲུང་ཁྲུང་སྲུང་མཁན”ཞེས་འབོད་ཀྱི་ཡོད། ཁོང་གིས“དུས་རབས་གོང་མའི་ལོ་རབས་80པར་ཨ་ར་འདམ་རར་ཁྲུང་ཁྲུང་སྐེ་ནག་30ལྷག་ཙམ་ཡོད་པ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད། ད་ཆ་ལོ་ལྟར་ཁྲུང་ཁྲུང་སྐེ་ནག་2000ཙམ་ཡོང་གི་འདུག”ཅེས་བཤད།
ཉི་མ་དོན་གྲུབ་ཀྱིས་བརྗོད་དོན། ལོ་ལྟར་ཟླ་4པའི་ཟླ་མཇུག་ཏུ་ཨ་ར་འདམ་རའི་སྤང་རིམ་བཞིན་སྔོ་ཐིང་ཐིང་དུ་འགྱུར་འགོ་ཚུགས་པ་དང་། ཟས་རིགས་འབེལ་བ་དང་ཁོར་ཡུག་མཛེས་པ་མ་ཟད། ད་དུང་ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་ཀྱིས་སྲུང་སྐྱོང་ཞིབ་ཚགས་བྱས་པར་བརྟེན། འདམ་རར་འཚོ་སྡོད་ལ་ཡོང་མཁན་རི་སྐྱེས་སྲོག་ཆགས་མང་དུ་འགྲོ་བཞིན་ཡོད་པས། ཁྲུང་ཁྲུང་སྐེ་ནག་སོགས་དུས་བྱ་གནས་སྤོ་བྱེད་པའི“ངལ་གསོ་ཡུལ”དང་། “བར་འགྲིམ་ས་ཚིགས” འཚོ་སྡོད་བྱ་ཡུལ་བཅས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བ་དང་། ཁྱུ་དང་ཁྱུ་བྱས་ཏེ་དེ་གར་ངལ་གསོ་བར་ཡོང་བའམ་ཡང་ན་རྒྱུད་སྤེལ་བྱེད་པ་དེ་ནི་འདམ་གཞུང་རྫོང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བའི་མཚོན་རྟགས་ཤིག་རེད། “ཉེ་བའི་ལོ་ཤས་རིང་འདམ་གཞུང་རྫོང་གིས‘རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི’འཕེལ་རྒྱས་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། ལྷ་ས་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་རྫོང་དང‘རི་གཉིས’ཀྱི་ལག་ལེན་གསར་གཏོད་རྟེན་གཞི་ཐོག་མར་བདེ་བླག་ངང་འཛུགས་གཏོད་བྱས་ཡོད་པ་རེད།