དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ན་གཞོན་26གིས་ཐང་རྒོད་ཀྱི་གྲོང་ཁྱེར་ཆུང་ངུར་འོད་སྣང་སྦྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-10

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚྭ་འདམ་གཞོང་ས་ནས་ནུབ་ཕྱོགས་སུ་བསྐྱོད་དེ་ཤིའི་ཐའེ་ཅི་ནེར་མཚོ་དང་ངོ་མཚར་ཆེ་བའི་ཡ་ཏན་ས་དབྱིབས་བརྒྱུད་ན་ཚྭ་འདམ་གཞོང་སའི་ནུབ་རྒྱུད་ཐང་རྒོད་ཁྲོད་ཀྱི་གྲོང་ཁྱེར་ཆུང་ངུ—མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ཡ་གྲོང་ཁྱེར་དུ་སླེབས་ཀྱི་ཡོད། ལོ་ངོ་དུ་མའི་བྱེ་རླུང་ལས་བྱེ་ལམ་མང་པོ་ཞིག་ཆགས་པ་དང་མོང་ཡ་གྲོང་ཁྱེར་གྱི་ཉེ་འཁོར་དུ་མི་མེད་ཁུལ་དང་བྱེ་ཐང་གིས་བསྐོར་ནས་སྤྱི་ལེ་350ཡི་སར་གྲོང་ཁྱེར་གཅིག་ཀྱང་མེད།

    རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་མང་ཡ་གྲོང་ཁྱེར་གློག་འདོན་ཀུང་སིའི་ན་གཞོན་26གིས་གྲོང་ཁྱེར་དེར་སྐད་གྲགས་མེད་པར་བརྟན་སྲུང་བྱས་པ་དང་2023ལོར་གློག་ཕྱིར་ཚོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་10ལྷག་ཙམ་ཟིན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་ཤར་གཏོང་བྱས་ཏེ་ལང་ཚོའི་བཀྲག་མདངས་འཚེར་བར་བྱས་ཡོད།

    ཟླ་5པའི་ཞོགས་པ་རླུང་བུ་བསིལ་བསིལ་དུ་ལྡང་ཞིང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་མང་ཡ་གྲོང་ཁྱེར་གློག་འདོན་ཀུང་སིའི་གློག་འདོན་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཀྲེན་ཞུང་དང་ལས་བཟོ་ལི་ཅི་ཞ་དང་ལིའུ་ཙེ་ཅེ་བཅས་གསུམ་པོས་ལག་ཆ་དང་དགུང་ཟས་འཁྱེར་ནས་རླངས་འཁོར་ལ་བསྡད་དེ་རྡོག་ཐོན་བྱས།

    ཁོང་ཚོའི་ཉིན་དེའི་ལས་འགན་ནི་སྤྱི་ལེ་120ལྷག་ཙམ་གྱི་ཕྱི་རོལ་དུ་ཡོད་པའི་མཚོ་སྔོན་ཁྲོང་ཨན་ཚད་ཡོད་ཀུང་སིའི་གློག་ཚད་འཇལ་ཆས་ཀྱི་གྲངས་གཞི་བཤུ་རྒྱུ་དེ་ཡིན་ཞིང་། གྲམ་ཐང་དུ་རླངས་འཁོར་མྱུར་དུ་གཏོང་བཞིན་ཐང་རྒོད་ཅིག་བརྒྱུད་རྗེས་ཐལ་རྡུལ་གང་སར་འཚུབ་པའི་ཁྲོད་ཀྱི་སྣུམ་བསྡུའི་འཕྲུལ་ཆས་དེ་དག་ཀྱང་རྒྱང་རིང་དུ་ལུས།

    མུ་མེད་གྲམ་ཐང་གི་ཚ་གདུག་ཆེ་བའི་ཉི་ཟེར་དང་སྒེའུ་ཁུང་ཕྱིའི་རླུང་བུ་འུར་འུར་དུ་ལྡང་བར་མ་འཛེམས་པར་ཀྲང་ཀྲེན་ཞུང་དང་བཅས་པས་མདུན་དུ་སྐྱོད། ལས་ཀར་ཞུགས་མ་ཐག་གི་སྐོར་གླེང་སྐབས་ལོ་31ལ་སླེབས་པའི་ཀྲང་ཀྲེན་ཞུང་ཁོངས་མི་ངོ་མར་གྱུར་ནས་དུས་ཡུན་རིང་པོ་མ་སོང་བར་ཁོང་ནི་ཆན་ཕུའུ་10ཡོད་པའི་ལམ་བུ་དང་པོ་དང་གཉིས་པ་མྱུར་བཟོ་བྱེད་པ་དང་སྐབས་འཁེལ་ཞིང་། ཁོང་དང་དགེ་རྒན་བྱེ་རྡུལ་རླུང་འཚུབ་ཅིག་ལས་ཐར་རྗེས་དགེ་རྒན་གྱིས་ཁོང་ལ་རྐང་བཏགས་ཤིག་སྤྲད་པ་དང་ཉེན་ཐག་བསྒར་རོགས་བྱས་རྗེས་གློག་ཤིང་ལ་འཛེགས་ནས་ལས་ཀ་བྱེད་སྟངས་བསླབས་པ་རེད།

    ཀྲང་ཀྲེན་ཞུང་གིས་གོམ་པ་རེ་རེ་བཞིན་གཟབ་གཟབ་སིག་སིག་ངང་གློག་ཤིང་གི་རྩེ་མོར་འཛེགས་པ་དང་ཁོང་གིས་སྨི་18ཡོད་པའི་བར་སྣང་དུ་འཛེགས་པའི་དཀའ་ཚེགས་ཐེངས་དང་པོ་ཚོར་ཡོད། ལས་དང་པོ་བ་ཡིན་པའི་ཁོང་གིས་གློག་ཤིང་སྟེང་ཆུ་ཚོད་4ཙམ་ལས་ཀ་བྱས་རྗེས་གཞི་ནས་གློག་སྐུད་མཐུད་ཐུབ་ཙམ་བྱུང་ཡོད།

    ཨར་ཅིན་རི་སྟེང་ནས་ཉི་འོད་ཐུར་དུ་འཕྲོས་ཤིང་ས་ངོས་ཀྱི་དྲོད་ཚད་རིམ་བཞིན་འཕར། ལས་ཡུལ་དུ་སླེབས་རྗེས་ཀྲང་ཀྲེན་ཞུང་གིས་རྔུལ་ཆུ་འཕྱིས་ཞོར་དུ་བདེ་སྲུང་ཞྭ་མོ་གྱོན་སྐྱོར་བྱེད་བཞིན་ཚད་འཇལ་སྒྲིག་ཆས་ལ་ཞིབ་བཤེར་དང་ཟླ་འདིའི་གློག་སྤྱོད་ཚད་ཟིན་ཐོར་བཀོད་པ་དང་ཞོར་དུ་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་འདྲི་རྩད་བྱས། མཚོ་སྔོན་ཁྲོང་ཨན་ཚད་ཡོད་ཀུང་སི་ནི་མང་ཡའི་ཁེ་ལས་རྙིང་གྲས་ཤིག་ཡིན་པ་དང་ཀྲང་ཀྲེན་ཞུང་གིས“དུས་ཚིགས་རྗེས་མར་གློག་ཤུགས་ཐེག་ཚད་གསར་སྣོན་བྱུང་ཡོད་དམ། གློག་སྤྱོད་པའི་ཐད་གནད་དོན་གང་འདུག་གམ”ཞེས་ཞིབ་ཕྲ་དྲིས།

    མཐའ་འཁོར་གྱི་ཁེ་ལས་སུ་བསྐྱོད་དེ་གློག་ཚད་འཇལ་ཆས་ཀྱི་གྲངས་གཞི་བཤུ་བ་ཕུད་མང་ཡ་གྲོང་ཁྱེར་གློག་འདོན་ཀུང་སིའི་ལས་བཟོས་ད་དུང་གྲམ་ཐང་གི་ཆན་ཕུའུ་10ཡོད་པའི་གློག་འདོན་གློག་སྐུད་ལ་སྐོར་གཟིགས་དང་སྲུང་སྐྱོང་བྱས་ཏེ་མང་ཡ་དང་ལེའང་ཧུའུ་ས་ཁུལ་དུ་གློག་བརྟན་པོ་གཏོང་ཐུབ་པའི་འགན་ལེན་བྱེད་ཅིང་། རྟག་ཏུ་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་བཅུ་ཕྲག་དང་ཐ་ན་བརྒྱ་ལྷག་ཙམ་བར་བསྐྱོད་དགོས་པ་དང་མྱུར་བཟོའི་ལས་འགན་ལྕི་ལ་མཚན་གུང་དང་ཁ་བ་བུ་ཡུག་ཁྲོད་ལས་ཀ་བྱ་རྒྱུ་དེ་འཆར་ཅན་ཞིག་རེད།

    གློག་ཚད་འཇལ་ཆས་ཀྱི་གྲངས་གཞི་བཤུ་བ་དང་ཁེ་ལས་ཀྱི་གློག་སྤྱོད་དགོས་མཁོ་ཁོང་དུ་ཆུད་རྗེས་ཀྲང་ཀྲེན་ཞུང་དང་ལས་རོགས་ཚོས་དེ་རྗེས་ཀྱི་ལས་ཡུལ་དུ་བསྐྱོད་དེ་གློག་ལམ་ལ་སྐོར་ཞིབ་བྱེད་པ་དང་ཕྱི་དྲོའི་ཆུ་ཚོད་2པ་ཙམ་དུ་གཞི་ནས་རླངས་འཁོར་ནང་ཡུད་ཙམ་བསྡད་དེ་བག་ལེབ་དང་ཚལ་བསྙལ་མ་བཟས་ནས་འཁྱོལ་ཐབས་བྱེད་ཀྱི་ཡོད། “དཀའ་ཚེགས་ཆེ་བའི་ཆ་རྐྱེན་ཁྲོད་མིར་དེ་བས་ཞུན་བརྡར་ཐུབ” ཀྲང་ཀྲེན་ཞུང་གིས་ལོ་ལྟར་ཁང་ཕྱིར་ལས་ཀ་བྱེད་དགོས་སྟབས་ཤ་རྩི་ནག་པོ་ཆགས་པ་མ་ཟད་གནམ་གཤིས་ངན་པ་ཁྱད་བསད་བྱེད་དགོས་པ་དང་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཡང་ཆེ་རུ་འགྲོ་སྲིད་ཅེས་བཤད།

    ལིའུ་ཙེ་ཅེ་ནི་གློག་འདོན་ཞབས་ཞུའི་ཚན་ཁག་གི་བདེ་འཇགས་པ་ཡིན་ཞིང་། 2021ལོར་ལས་ཀར་ཞུགས་པའི་ཁོང་ནི་དགེ་རྒན་གྱི་སྣེ་ཁྲིད་འོག་ཚོགས་ཆུང་གི་བདེ་འཇགས་པ་ཞིག་ཏུ་གྱུར་བ་དང་ལོ་གཉིས་ནང་གློག་ཤིང་ལ་འཛེག་པ་དང་གློག་སྐུད་ཁྲིད་པ། གློག་ཚད་འཇལ་ཆས་བསྒར་བ། གློག་སྐུད་མཐུད་པ་སོགས་ཀྱི་ལས་ཀ་སྣ་ཚོགས་བྱང་ཆུབ་པར་གྱུར་ཡོད།

    ཀྲང་ཀྲེན་ཞུང་དང་ལིའུ་ཙེ་ཅེ་དང་འདྲ་བར་གློག་ཤུགས་ལས་དོན་པ་མི་རབས་རེ་རེ་བཞིན་གྱིས་ཐང་རྒོད་ཀྱི་གྲོང་ཁྱེར་ཆུང་ངུ་དེར་རྒྱུན་འཛིན་དང་བརྟན་སྲུང་བྱས་ཏེ“བརྒྱད་ཅུའི་ནང་སྐྱེས”དང“དགུ་བཅུའི་ནང་སྐྱེས”ནས“ཉིས་སྟོང་ནང་སྐྱེས”བར་མང་ཡ་གྲོང་ཁྱེར་གྱི་གློག་འདོན་ཀུང་སིའི་ན་གཞོན་26གི་ཆ་སྙོམས་ལོ་ཚད་29ལས་ཟིན་མེད་མོད། འོན་ཀྱང་ཁོང་ཚོས་འགན་འཁྲི་དང་ལས་འགན་ལྗིད་ཏིག་ཏིག་འཁུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།