དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཞིང་ཆེན་དང་གྲོང་ཁྱེར་15རུ་ནུས་རྒྱུ་གཙང་མའི་བཀོད་སྒྲིག་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-05-10

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། ནུས་རྒྱུ་གཙང་མ་ཆུ་ཚད་མཐོ་བའི་འདྲེན་སྤྱོད་དང་གཞི་ཁྱོན་ཆེ་བའི་གཏོང་འདྲེན་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་གྲས་འཛུགས་སྐྲུན་ནང་མགྱོགས་མྱུར་ཞུགས་ཏེ། ཞིང་ཆེན་དང་ས་ཁུལ་ལས་བརྒལ་བའི་ནུས་རྒྱུ་གསར་པའི་གློག་ཤུགས་ཉོ་ཚོང་ལམ་སྲོལ་འཚོལ་ཞིབ་དང་། གློག་དྲ་ཆེ་གྲས་སྤྱད་དེ་ཧྲན་ཏུང་དང་། ཁྲུང་ཆིང་། ཧྲང་ཧའེ། ཧོ་ནན། ཅང་ཤིས་སོགས་ཞིང་ཆེན་དང་གྲོང་ཁྱེར་15དང་འབྲེལ་མཐུད་བྱས་ནས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་བཀོད་སྒྲིག་ལེགས་སུ་གཏོང་བ་མངོན་འགྱུར་བྱུང་བ་དང་ཆུ་གློག་མིན་པའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་ཤུགས་འདྲེན་སྤྱོད་ཀྱི་འགན་འཁྲིའི་དབང་ཆ་རྒྱལ་ཡོངས་ཀྱི་ཨང་དང་པོར་བརྟན་པོའི་ངང་སླེབས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་སྤུས་ལེགས་ནུས་རྒྱུ་གཙང་མའི་གཞི་ཁྱོན་ཅན་གྱི་གསར་སྤེལ་དང་ནུས་ཆེའི་གློག་གཏོང་ལ་བརྟེན་ཏེ། གཞི་ཁྱོན་ཆེ་བའི་ནུས་རྒྱུ་གསར་པའི་གསར་སྤེལ་བེད་སྤྱོད་དང་འཚམ་པའི་གློག་གཏོང་ནུས་རྒྱུའི་གློག་ཤུགས་འཕེལ་རྒྱས་གཏོང་སྟངས་བཏོད་པ་དེས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་པའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། རང་རྒྱལ་གྱི་ནུས་རྒྱུའི་ཐོན་ཁུངས་དང་འཛད་སྤྱོད་ཀྱི་ལྡོག་ཕྱོགས་ཁྱབ་ཚུལ་སྔར་བས་ཐག་གཅོད་ཐུབ་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་ཀྱི་འཐབ་ཇུས་གསར་པར་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད།

    “2023ལོར་མཚོ་སྔོན་གློག་དྲ་ནུབ་བྱང་ས་ཁུལ་གྱི་གློག་འདྲེན་གཏོང་བྱེད་ནུས་ཆ་སྙོམས་ཆན་ཝ་ཁྲི་སྟོང་ལས་བརྒལ་བའི་ཞིང་ཆེན་རིམ་པའི་གློག་དྲ་དང་པོར་གྱུར་ཡོད” རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ཁྲོམ་ར་ཚོང་གཉེར་པུའུ་ཁྲོམ་ར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སུན་ཅན་དབྱིང་གིས། མཚོ་སྔོན་གློག་དྲ་དེ་ཤར་ཀན་སུའུ་དང་ལྷོ་བོད་ལྗོངས་དང་སྦྲེལ་མཐུད་ཐུབ་ཅིང་། ནུབ་ཤིན་ཅང་ནས་འདྲེན་པ་དང་ཀྲུང་ཡོན་དུ་ཐད་ཁྲིད་བྱས་པའི་སྤེལ་རྒྱུག་དང་གཏད་རྒྱུག་མཉམ་བསྲེས་རྣམ་པའི་སྣེ་མང་ལྟེ་བའི་གློག་དྲར་བསྐྲུན་ཟིན་པ་དེ་ནི་རང་རྒྱལ་གྱི“ནུབ་གློག་ཤར་གཏོང”གི་བགྲོད་ལམ་གལ་ཆེན་གྱི་གྲས་ཤིག་རེད་ཅེས་བཤད། མིག་སྔར་མཚོ་སྔོན་གློག་དྲའི་ཕྱི་ཕྱོགས་ཉོ་ཚོང་གི་གློག་ཚད་ཀྱིས་བཟུང་བའི་བསྡུར་ཚད་30%ལས་བརྒལ་བའི་ནང་ནུས་རྒྱུ་གསར་པའི་གློག་ཚད་ཀྱིས་བཟུང་བའི་བསྡུར་ཚད་ཅུང་མཐོ་བ་ཡོད།

    ཞིང་ཆེན་ལས་བརྒལ་བའི་ཉོ་ཚོང་གིས་ནུས་ཁུངས་གསར་པ་འདྲེན་སྤྱོད་ལ་སྐུལ་འདེད་ནུས་ལྡན་ཐེབས་ཤིང་། འདི་ལོའི་དུས་ཚིགས་དང་པོར་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་127.3ཟིན་པ་དེ་དུས་མཚུངས་ལས་20.4%འཕར་བ་དང་། དུས་ཚིགས་དང་པོར་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཀྱིས་གློག་གཏོང་ཚད་བསྡོམས་འབོར་གྱི་51.3%བཟུང་ནས་རྒྱལ་ཡོངས་ཀྱི་སྔོན་དུ་ནུས་རྒྱུ་གསར་པའི་གློག་གཏོང་ཚད་50%ལས་བརྒལ་བའི་ཞིང་ཆེན་རིམ་པའི་གློག་དྲར་གྱུར་ཡོད།

    “མིག་སྔར་མཚོ་སྔོན་ལ་ནུས་རྒྱུ་གསར་པ་གཙོ་བོར་བྱས་པའི་གློག་ཤུགས་མ་ལག་གསར་པའི་རྣམ་པ་རགས་ཙམ་ཆགས་ཡོད” རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་འཕེལ་རྒྱས་འཆར་འགོད་པུའི་ཀྲུའུ་རེན་གཞོན་པ་ཀྲང་ཀུའེ་ཧུང་གིས། “མཚོ་སྔོན་ནི་རང་རྒྱལ་གྱི་ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་རེད། 2023ལོར་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་གཏོང་ཚད་དེ་ཆུ་གློག་ལས་བརྒལ་ནས་ཞིང་ཆེན་ནང་ཁུལ་གྱི་གློག་ཁུངས་ཆེ་གྲས་དང་པོར་གྱུར་ཡོད། དེར་བརྟེན་མཚོ་སྔོན་གྱིས་ནུས་རྒྱུ་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་དང་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་གཉིས་ཀ་གཙོ་བོ་ཡིན་པའི“གཙོ་བོ་གཉིས”ཀྱི་འཕེལ་རྒྱས་རྣམ་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།