དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བྲག་གཡབ་རྫོང་གིས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་འཚོ་བ་ཡག་ཏུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-10

    དཔྱིད་དུས་ཀྱི་ས་མཐོའི་ཡུལ་ལུང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བསྟུན་ནས། བོད་ཤར་གྱི་ས་གཞི་ཆེན་པོའི་འཛུགས་སྐྲུན་རྣམ་གྲངས་ཁག་ཚ་ཚ་འུར་འུར་ངང་ལས་ཐོན་བསྐྱར་ཚུགས་བྱེད་བཞིན་འདུག བྲག་གཡབ་རྫོང་གི་ཁུལ་ཆུང་རྙིང་པར་སྒྱུར་བཀོད་བྱེད་པའི་རྣམ་གྲངས་ཀྱི་ཡུལ་དངོས་སུ་བསྐྱོད་པ་ན་ཕྱིའི་གྱང་སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་། བཟོ་པ་ཚོ་བཙོག་ཆུའི་ཆུ་འགྲོ་སྒྱུར་བཀོད་ཀྱི་ལས་ཀར་བྲེལ་བཞིན་ཡོད་པ་མཐོང་བྱུང་།

    “ང་ཚོའི་ཨར་ལས་རུ་ཁག་ལ་གཏན་ཆགས་བཟོ་པ་18ཡོད་པ་དང་། ལས་ཀ་ཙག་ཙིག་མང་བའི་སྐབས་སུ་ལས་མི་30ནས་40བར་ཡོད། བྲག་གཡབ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ད་ལོ་ང་ཚོའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་23ཚང་མར་ལས་གྲྭའི་རྣམ་གྲངས་རེ་རག་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་ངེས་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བདེ་ཁང་ཨར་སྐྲུན་ཚད་ཡོད་ཀུང་སིའི་འགན་འཁུར་བ་ངག་བློ་ཡིས་གསར་འགོད་པར་བཤད།

    ངག་བློ་ཡིས་བརྗོད་པའི་རྣམ་གྲངས་ཀྱི་རྒྱབ་སྐྱོར་ནི་ཏག་ཏག་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་ཆེད་སྤྱད་པའི་བྱེད་ཐབས་ཀྱི་གྲས་ཤིག་རེད། ཆ་རྐྱེན་དང་མཐུན་པའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་ལ་དངུལ་རྩའི་རྒྱབ་སྐྱོར་བྱས་ཏེ་མ་དངུལ་བསྡོམས་འབོར་སྒོར་ཁྲི་400མན་གྱི་རྣམ་གྲངས་ཀྱི་རིགས་ཞིང་འབྲོག་པའི་ཨར་ལས་རུ་ཁག་ལ་སྤྲོད་པ་མ་ཟད། ཡུལ་དེ་གའི་ཞིང་འབྲོག་པའི་ལས་མི་ལས་ཀར་བསྡུ་ཚད་ནི་ལས་མི་སྤྱིའི་བསྡོམས་འབོར་གྱི་80%ལས་མི་ཉུང་བ་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

    2023ལོ་ནས་བཟུང་། འབབ་འཕར་ལ་གནད་སྨིན་རོགས་རམ་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་རྒྱུན་མཐུད་ནས་ཆེ་རུ་གཏོང་ཆེད། བྲག་གཡབ་རྫོང་གིས“སྤྱོད་སྲོལ་བཅུ་དར་སྤེལ་དང་ཉེས་སྐྱོན་བཅུ་དོར་རྒྱུ”དམ་འཛིན་བྱ་གཞིར་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་རེད།

    བྲག་གཡབ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ལས་དོན་པ་ལུང་ཡུས་ཧང་གིས“དེ་སྔོན་ང་ཚོའི་རྣམ་གྲངས་ཚང་མ་འོས་སྐུལ་འོས་དཔོད་བརྒྱུད་ནས་ལག་ལེན་བསྟར་གྱི་ཡོད། ད་ཆ་ང་ཚོས་སྒོར་ཁྲི་400མན་གྱི་རྣམ་གྲངས་དེ་རིགས་འོས་ཐོབ་ལྡན་པའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་ལ་སྤྲད་ནས་སྒྲུབ་ཏུ་འཇུག་གི་ཡོད། ན་ནིང་ཞིང་འབྲོག་པའི་ཨར་ལས་རུ་ཁག་ལ་རྣམ་གྲངས་47སྤྲད་ནས་ལག་ལེན་བསྟར་བས་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་537ཡོང་བར་སྐུལ་ཁྲིད་བྱས་ཡོད”ཅེས་ངོ་སྤྲོད་བྱས།

    ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མི་སྤྱི་ཅུས་ལས་ཞུགས་ལས་གཏོད་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་ཙེང་ཞུས་ལིང་གིས“ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་ཡིན། ང་ཚོས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྩལ་ནུས་གསོ་སྦྱོང་དང་། གདན་ཞུ་བསྐོ་སྤྱོད་འདུ་ཚོགས་གཉེར་བ། སྦྱོང་བརྡར་ལས་ཚབ་སོགས་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་བརྒྱུད་ནས་ཞིང་འབྲོག་མང་ཚོགས་དང་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་མང་དུ་ཏན་ཏིག་གཏོང་གི་ཡོད། 2023ལོར་མི་ཁྲི་1.18ལས་རིགས་ཁག་ཏུ་ལས་ཞུགས་ཐུབ་ཡོད”ཅེས་བརྗོད་པ་རེད།

    སྲིད་ཇུས་བཟང་པོའི་རམ་འདེགས་འོག་ཐེམ་ཁུངས་བྲག་གཡབ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་བསོད་ནམས་ཆོས་སྒྲོན་ལ་བསམ་འདུན་བཞིན་ཀྲུང་གོ་ལྕགས་ལམ་ཅུས་ཉེར་བཞི་པར་ལས་ཀ་རག་པ་དང་། མིག་ནད་ཕོག་པའི་ཚེ་དབང་ཉི་མར་གསོ་སྦྱོང་བྱས་རྗེས་སྡེ་ལས་ཀུང་སི་ཞིག་ཏུ་ལས་ཀ་རག་ནས་བདེ་སྲུང་དང་ཆུ་གློག་སྐུད་ལམ་སྲུང་སྐྱོང་གི་འགན་འཁུར་གྱི་ཡོད་པ་རེད།

    བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་དུ་གནས་པའི་བདེ་དོན་གྱི་ནས་ནག་ལས་སྣོན་ཞིང་པའི་མཉམ་ལས་ཁང་ནི་2018ལོར་བཙུགས་ཤིང་། སྤྱིར་ན་ཡུལ་དེ་གའི་ཁྱད་ལྡན་ཞིང་ལས་སྐྱེ་དངོས་ནས་ནག་ལ་བརྟེན་ནས་ཐོན་ལས་བཏོད་པ་ཞིག་ཡིན་ནའང་གཞི་ཁྱོན་ཅུང་ཆུང་ཙམ་ཡོད། བརྟག་ཞིབ་དང་ཤེས་རྟོགས་ཟབ་མོ་བྱས་རྗེས། ཡུལ་དེ་གའི་སྲིད་གཞུང་གིས་ཐོན་ལས་རྣམ་གྲངས་ལ་བརྟེན་ནས་ལེགས་བཅོས་རིམ་སྤོར་བྱས་ཤིང་། མ་དངུལ་སྒོར་ཁྲི་100ལྷག་ཙམ་བཏང་སྟེ་ལས་སྣོན་བཟོ་གྲྭའི་བཟོ་ཁང་དང་ཐོན་སྐྱེད་སྒྲིག་ཆས་སོགས་ལ་རིམ་སྤོར་སྒྱུར་བཀོད་བྱས་ནས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་རེད།

    ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་བྱམས་མདུན་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བློ་བཟང་ཆོས་སྒྲོན་གྱིས“མིག་སྔར་ང་ཚོའི་བཟོ་ཁང་ལ་རིམ་སྤོར་སྒྱུར་བཀོད་བྱས་པས་ནས་ནག་གི་རྩམ་པ་དང་བག་ལེབ་སོགས་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད། ང་ཚོས་བྲིན་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་གཏོད་པ་དང་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་ནས་ལོ་རེར་ཐོན་རྫས་རིན་ཐང་སྒོར་ཁྲི་50ལྷག་ཙམ་ཟིན་པ་དང་མང་ཚོགས་20ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱ་རྩིས་ཡོད”ཅེས་བརྗོད།

    ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཞེ་ཨའེ་ལིན་གྱིས། 2023ལོར་དམངས་ཕན་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་4.01བཏང་བ་དང་གཏོང་ཚད་98.52%ཟིན་གྱི་ཡོད། ནོར་སྲིད་ཀྱི་མ་དངུལ་མུ་མཐུད་དམངས་འཚོའི་ཁྱབ་ཁོངས་སུ་ཕྱོགས་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། 2023ལོར་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.79ལྷག་ཙམ་བྱུང་ནས་འཕར་ཚད་12.4%ཟིན་ཡོད།

    འབྱུང་འགྱུར་ལ་ཕྱོགས་ནས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་སྒྲོལ་གཡང་གིས། གོམ་སྟབས་རྗེས་མར། བྲག་གཡབ་རྫོང་གིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ནས“སྤྱོད་ཚུལ་གཏིང་ཟབ་ལོའི”བླང་བྱ་གཞིར་བཟུང་། མང་ཚོགས་ཀྱི་འབབ་འཕར་གྱི“ལྟེ་བའི་ལས་འགན”ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱས་ནས་འགན་འཁྲི་དོན་འཁྱོལ་དང་། སྒྲིག་འཛུགས་ཞིབ་ཚགས། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་བ་དང་། འཚོ་བ་སྔར་བས་སྐྱིད་པ། ཡིད་ཆེས་སྔར་བས་བརྟན་དུ་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།