རང་ལྗོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཞིབ་འཇུག་གིས་སློབ་སྦྱོང་དང་། སློབ་སྦྱོང་ལ་སྐུལ་འདེད། སློབ་སྦྱོང་ལ་རོགས་རམ། མཉམ་འདྲེས་སློབ་སྦྱོང”བཅས་དམ་འཛིན་བྱ་གཞིར་བྱས་ནས་ཏང་ཡོན་ཁྲི་45.93སྒྲིག་འཛུགས་བྱས་ཏེ། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)ཇི་མ་ཇི་བཞིན་དང་ས་བཅད་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱས་ནས་ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་གང་ཡིན་པ་དང་། གང་ཞིག་བྱེད་རུང་བ། གང་ཞིག་བྱེད་མི་རུང་བ་བཅས་གསལ་པོར་ཤེས་པ་དང་། སྒྲིག་བཀུར་ཁྲིམས་སྲུང་བྱ་རྒྱུ་དེ་སེམས་ནང་བརྟན་པོར་ངེས་པ་དང་གཏམ་སྤྱོད་ཀྱི་ཚད་གཞིར་གྱུར་པར་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད།
ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》སློབ་སྦྱོང་བྱ་རྒྱུ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་དོན་གལ་ཆེན་ནང་བཅུག་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཐོག་མར་འཚོགས་ཏེ། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྣེ་ཁྲིད་དེ་སྤེལ་རེས་གཏམ་བཤད་གནང་ནས་འགོ་ཁྲིད་ལས་བྱེད་པར་ཞིབ་འཇུག་གཏིང་ཟབ་དང་། ལྟ་ཀློག་ཞིབ་ཚགས། སློབ་སྦྱོང་གཏིང་ཟབ། གོ་བ་ཞིབ་ཕྲ་ལེན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་གཞི་རིམ་ཏང་ཀྲི་པུའུ་ཡིས་མི་སྒེར་གྱི་རང་སྦྱོང་དང་མཉམ་སྡེབ་སློབ་སྦྱོང་དེ་ཆེད་དོན་བགྲོ་གླེང་དང་ཟུང་འབྲེལ་བྱས་ཏེ། དུས་ཚོད་གཅིག་སྡུད་ཀྱིས་ས་བཅད་དང་དོན་ཚན་རེ་རེ་བཞིན་ཞིབ་ཀློག་ནན་ཏན་བྱས་པ་དང། 《སྲོལ་ཡིག》བཟོ་བཅོས་རྒྱག་པའི་རྒྱབ་ལྗོངས་ལ་དམིགས་ཏེ། གསར་དུ་བསྣན་པ་དང་བཟོ་བཅོས་བརྒྱབ་པའི་ནང་དོན་དེ་དག་སློབ་སྦྱོང་གི་གཙོ་གནད་དུ་བརྩིས་ནས་ཞིབ་བསྡུར་སློབ་སྦྱོང་ལ་མཐོང་ཆེན་བྱས་ཐོག 《སྲོལ་ཡིག》བཟོ་བཅོས་རྒྱག་པའི་དོན་སྙིང་གལ་ཆེན་དང་། ནང་དོན་གཙོ་བོ། དགོངས་དོན་གྱི་ངོ་བོ་བཅས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་རང་གཅུན་བྱེད་ཤུགས་ཆེ་རུ་བཏང་ནས་འགོག་ཟོན་ནུས་པ་ཆེ་རུ་བཏང་ཡོད། ལྷ་ས་གྲོང་ཁྱེར་གྱིས“སྲོལ་ཡིག་སྦྱོང་བ་དང་། ཁྲིམས་ཤེས་ཚད། སྒྲིག་ལམ་དམ་པ། མཐའ་ཚད་སྲུང་བ”བཅས་བརྗོད་དོན་གཙོ་བོར་བྱས་ནས་བགྲོ་གླེང་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་གྱིས“བདེན་པ་དང་། གཏིང་ཟབ། ནན་པོ། ཏན་ཏིག”བཅས་མངོན་གསལ་དོད་པའི་དཔེ་ཀློག་འཛིན་གྲྭ་གཉེར་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སེམས་རྣལ་ལ་ཕབ་སྟེ་སློབ་སྦྱོང་དང་གོ་བ་ལེན་པ་དང་སྤེལ་རེས་ལྷུག་པོ་བྱེད་པར་སྐུལ་འདེད་བཏང་བ་རེད།
གྱོད་དཔེ་དྲངས་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བར་དམ་འཛིན་ཡག་པོ་བྱས་ནས་ཉེན་བརྡའི་སློབ་གསོ་ཏན་ཏིག་སྤེལ་ཆེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དཔེ་མཚོན་གྱོད་དཔེ“བསླབ་གཞི”ཡག་ཤོས་སུ་བརྩི་བ་དང་ཉེན་ཟོན་སློབ་གསོ་རིག་པ་དྭངས་གསལ་ཡོང་བའི་སློབ་གསོར་བརྩིས་ཏེ། སྒྲིག་འགལ་ཁྲིམས་འགལ་ལས་བྱེད་པའི་ཉེན་བརྡའི་ཟིན་ཐོ་དང་། འགྱོད་བཤགས་ཀྱི་ཟིན་ཐོ། ཉེན་ཟོན་སློབ་གསོའི་གློག་བརྙན། སྲིད་གཙང་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན། ཉེན་ཟོན་སློབ་གསོའི་རྟེན་གཞི་བཅས་སྤྱད་དེ་ཉེན་ཟོན་སློབ་གསོ་སྤེལ་བར་སྣང་ཆེན་བྱས་ནས། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཉེ་འགྲམ་དུ་ཡོད་པ་དང་བསླབ་བྱ་མིག་མདུན་དུ་ཡོད་པ་ཏན་ཏིག་ཚོར་བར་བྱས་པ་དང“མི་གཅིག་ལ་ཞིབ་བཤེར་ཐག་གཅོད་བྱས་ན་ཡུག་གཅིག་ལ་ཉེན་བརྡ་གཏོང་ཐུབ་པ་དང་ཁུལ་གཅིག་བཅོས་སྐྱོང་ཐུབ་པའི”ཕན་འབྲས་ཐོན་པར་བྱས་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གིས་དངུལ་རྩའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་ལེན་ནན་ཏན་བསྟར་ཏེ་ཉེན་ཁའི་གནས་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་འཚོལ་བཤེར་བྱས་ཡོད། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་གཙོ་གནད་ལས་དོན་དང་། གཙོ་གནད་རྣམ་གྲངས། སྒྱུར་བཅོས་གལ་ཆེན་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྡེ་ཚན་དེ་གའི་སྒྲིག་ཁྲིམས་སློབ་གསོ་དང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པའི་ཐད་ཀྱི་མི་འདང་ས་འཚོལ་བཤེར་ནན་ཏན་དང་ལས་བྱེད་པ་མི་སྒེར་གྱི“སྒྲིག་ཁྲིམས་ཁག་དྲུག”ཐད་ཀྱི་གནད་དོན་འཚོལ་བཤེར་བྱས་ནས་གནད་དོན་གྱི་གསལ་ཐོ་ཁག་རེ་རེ་བཞིན་བཀོད་དེ་དག་ཐེར་བྱེད་ཐབས་བཏོན་ཡོད།
དུས་མཚུངས་སུ་རིམ་པ་མི་འདྲ་བ་དང་ལས་གནས་མི་འདྲ་བའི་ཏང་ཡོན་ལས་བྱེད་པའི་དོན་དངོས་ལ་དམིགས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་གསོ་དང་། ཏང་གཤིས་སློབ་གསོ། སྤྱོད་གཙང་སློབ་གསོ་བཅས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)འཛིན་གྲྭ་གཙོ་བོར《སྲོལ་ཡིག》ཟུར་ཁྲིད་སློབ་ཚན་ནམ་ཡང་ན་སློབ་ཁྲིད་ཀྱི་ནང་དོན་བཀོད་སྒྲིག་བྱས་ཏེ་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པ་དང་། གསར་དུ་གོ་གནས་སྤར་བའི་ལས་བྱེད་པ། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་སོགས་གཙོ་གནད་མི་སྣར་སྒྲིག་ཁྲིམས་གསོ་སྦྱོང་ཡག་པོ་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་ཆེད་དོན་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་གཉེར་ནས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། དགེ་རྒན་ཆེ་མོ་བ། ལས་སྒོའི་རྐང་འཛིན་པ་བཅས་གདན་དྲངས་ཏེ《སྲོལ་ཡིག》དང་དཔེ་མཚོན་གྱོད་དཔེར་དམིགས་ནས་སློབ་ཁྲིད་དང་རིམ་ཁག་གསོ་སྦྱོང་ལ་དཔེ་སྟོན་སྐུལ་ཁྲིད་བྱས་ནས་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཁྱབ་ཐུབ་པའི་འགན་ལེན་བྱས་པ་རེད།
གཞི་རིམ་ཏང་ཀྲི་པུའུ་ཁག་གིས་རྒྱུན་གཏན་གྱི་སློབ་སྦྱོང་མཉམ་འདྲེས་ལ་དམ་འཛིན་ཡག་པོ་བྱས་ཏེ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་གཞི་རྩའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་། ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། ཏང་ཡོན་དཀྱུས་མས་གྲོས་བསྡུར་བྱེད་པ། “ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས”སོགས་ཀྱི་རྣམ་པ་སྤྱད་དེ། 《སྲོལ་ཡིག》གི་ནང་དོན་ཆེད་དོན་དང་ས་བཅད་ལ་དབྱེ་ནས་སྤེལ་རེས་སློབ་སྦྱོང་བྱས་པ་རེད།