སྐར་མ་རོང་ནས་ཧི་མ་ལ་ཡའི་གདོད་མའི་རང་བྱུང་མཛེས་པ་ཉམས་སུ་མྱོང་བ།
སྐར་མ་རོང་ནི་བོད་རང་སྐྱོང་ལྗོངས་དིང་རི་རྫོང་དང་གཏིང་སྐྱེས་རྫོང་གི་འབྲེལ་མཚམས་སུ་གནས་ཤིང་། ལུང་ཤུར་ཧྲིལ་པོར་མི་མཐོང་དཀོན་པ་དང་། དེ་གར་ཇོ་མོ་གླང་མའི་ཁུལ་གྱི་ཉར་ཚགས་ཡག་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གདོད་མའི་ནགས་ཚལ་ཡོད། དུས་རབས་20པར་ནུབ་ཕྱོགས་མྱུལ་དཔྱད་པས་དེར“འཛམ་གླིང་ཐོག་གི་རོང་མཛེས་ཤོས”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
འདི་གར་ཇོ་མོ་གླང་མའི་ཤར་འདབས་ཀྱང་ཟེར་ཞིང་། རོང་བརྒྱུད་སྤྱི་ལེ་40ཙམ་བསྐྱོད་ཚེ་ཇོ་མོ་གླང་མའི་འདབས་སུ་སླེབས་པས། དེ་ནས“འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས”ལ་ལྟ་ཐུབ། འོན་ཀྱང་ཇོ་མོ་གླང་མའི་ཤར་འདབས་ནི་སྲོལ་རྒྱུན་གྱི་རི་འཛེག་ལམ་ཐིག་མིན་པས་དེ་སྔ་ས་གནས་དེ་གའི་འབྲོག་པ་ཕུད་རོང་ཁུལ་དེ་ཤེས་མཁན་ཧ་ཅང་ཉུང་ཉུང་རེད།
ཉེ་བའི་ལོ་ཤས་རིང་བོད་ལྗོངས་རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་དེ་གར“ཇོ་མོ་གླང་མའི་སྐར་མ་རོང་གི་རྐང་ཐང་ཡུལ་སྐོར་ལམ་ཐིག”བཏོད་ནས་བོད་ཀྱི་ཡུལ་སྐོར་ཐོན་རྫས་ཀྱི་གཏིང་ཟབ་ཚད་དང་ཁྱབ་ཚད་སྔར་བས་ཟབ་ཏུ་བཏང་བ་མ་ཟད། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་རྐང་ཐང་མར་བསྐྱོད་དེ་ཧི་མ་ལ་ཡའི་མཛེས་ལྗོངས་མྱོང་རོལ་ཐུབ་པ་བྱེད་ཀྱི་ཡོད། ས་གནས་དེ་གའི་བོད་རིགས་ཡུལ་སྐོར་སྣེ་ཤན་པ་དོན་གྲུབ་ཀྱིས“2018ལོ་ནས་བཟུང་རྐང་ཐང་ལ་དགའ་པོ་ཡོད་མཁན་དེ་བས་མང་བ་སྐར་མ་རོང་དུ་སླེབས་ཡོད། ང་ཚོའི་སྔོན་ཆད་ཀྱི་འབྲོག་ར་ད་ཆ་ཡུལ་སྐོར་བ་དེ་བས་མང་བའི་ཡུལ་སྐོར་དམིགས་སར་གྱུར་ཡོད”ཅེས་ངོ་སྤྲོད་བྱས།
ཇོ་མོ་གླང་མའི་སྲོལ་རྒྱུན་ལམ་ཐིག་དང་བསྡུར་ན་ཇོ་མོ་གླང་མའི་ཤར་འདབས་ཀྱི་སྐར་མ་རོང་དུ་སུམ་ཙེན་གནས་ལ་སླེབས་པ་ལྟར་ཀྱི་སྣང་བ་སྟེར་ཅིང་། སྐར་མ་རོང་དུ་སྐྱོད་སའི་ས་བབ་མཐོ་ཚད་སྨི་3700ལས་མེད་པ་དང་། རྐང་ཐང་མར་ཆུ་ཚོད་གཅིག་ཙམ་བསྐྱོད་རྗེས་ཁྱེད་ཀྱི་མིག་ལམ་དུ་དྭངས་གཙང་ཆུ་བོ་ཤང་ཤང་དུ་རྒྱུག་པ་དང་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པའི་ས་མཐོའི་ལུང་ཤུར་མཐོང་ཐུབ། ཟླ་4པར་ས་མཐོའི་དཔྱིད་ཀྱི་དྲོད་རླུང་གིས་འདི་གའི་རྩི་ཤིང་སྔོན་པོར་འགྱུར་མེད་རུང་ཤེལ་གྱི་མཆོད་རྟེན་བཞེངས་འདྲའི་གངས་རི་དང་འཁྱགས་རོམ་ལས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་གྲུབ་ཡོད། གལ་ཏེ་ཁྱེད་ཀྱིས་རྐང་ཐང་མར་ཡོང་ན་འདི་ནས་རི་བོ་ཧི་མ་ལ་ཡའི་རི་འདབས་གཞན་ཞིག་གི་མཛེས་པ་ཉམས་སུ་མྱོང་ཐུབ།
འདི་གར་རྡོ་སྐས་མེད་པར་སྔོན་བྱོན་པ་ཚོའི་ཞབས་ཀྱིས་བཅག་པའི་རྐང་ལམ་ཕྲ་མོ་ཡོད། འོན་ཀྱང་རྐང་ལམ་ཕྲ་མོ་དེ་དུས་ངེས་མེད་དུ་ཁ་བས་བཀབ་ཀྱི་ཡོད། དཔྱིད་དུས་སུའང་ཆུ་བོའི་སྟེང་དུ་གངས་འཁྱགས་མཐུག་པོ་ཞིག་གིས་བཀབ་ཀྱི་ཡོད་པས། གཟབ་གཟབ་མ་བྱས་ཚེ་གངས་འཁྱགས་ཁྲོད་རྐང་པ་ཚུད་པར་ངེས། འདི་གའི་དྭངས་གཙང་ལྷད་མེད་ཀྱི་རང་བྱུང་ཁམས་ཀྱི་མཛེས་པས་ཁྱེད་ཀྱི་ཡིད་དབང་ལྷག་པར་འཕྲོག་སྲིད། གངས་གསོག་དང་ཆུ་དང་རྩྭ་རྩི་ཤིང་སྣ་ཚོགས་ལས་མ་བཅོས་ལྷུན་གྱིས་འགྲུབ་པའི་མཛེས་ལྗོངས་ཆགས་པ་དང་། ཕུ་ཡི་གངས་རིར་སྐབས་རེ་ཉི་འོད་འཕྲོ་བ་དང་སྐབས་རེ་སྨུག་པ་འཁྲིགས་ནས་རབ་རིབ་ཙམ་མངོན་གྱི་འདུག
ཡུལ་སྐོར་བ་དེ་བས་མང་དུ་འགྲོ་བ་དང་བསྟུན་ནས་དོན་གྲུབ་ཀྱང་ས་གནས་དེ་གའི་སྣེ་ཤན་པ་གཞན་དང་འདྲ་བར་ཡུལ་སྐོར་འཕེལ་རྒྱས་ལས་བྱུང་བའི་འགན་འཁྲིར་ངོས་འཛིན་ཐུབ་ཡོད། “ང་ཚོས་ཡུལ་སྐོར་སྣེ་ཤན་པ་བྱེད་ཞོར་དུ་ས་གཙང་འདི་སྲུང་བའི་འགན་འཁྲི་དེ་བས་འཁུར་དགོས”འདི་ལོ་ཁོང་གིས་གཉེར་བའི་ཀུང་སི་དང་ཡུལ་སྐོར་ལས་དོན་ཁང་མང་པོའི་དབར་མཉམ་ལས་གྲོས་མཐུན་བཞག་ནས་སྣེ་ཤན་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གཞོལ་ནས་ཟླ་5པར་རི་སྐོར་འགོ་ཚུགས་རྗེས་ཇོ་མོ་གླང་མའི་ཤར་འདབས་སུ་ཡུལ་སྐོར་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད།
སྐར་མ་རོང་གི་རྐང་ཐང་ལམ་ཐིག་འཆར་འགོད་དང་གསར་སྤེལ་བྱས་པ་དང་བསྟུན་ནས་ས་གནས་དེ་གའི་འཚོ་བ་ཡང་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད། ཆེད་ལས་ཀྱི་རི་མཐོའི་སྣེ་ཤན་པ་ཁག་གཅིག་གསོ་སྐྱོང་བྱས་ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་ལྷག་ཙམ་ཟིན་གྱི་ཡོད།
སྔོན་ཆད་སྐར་མ་རོང་དུ་ངོ་མཚར་རྨད་དུ་བྱུང་བ་དང་གདོད་མའི་མ་བཅོས་ལྷུན་གྱིས་འགྲུབ་པའི་མཛེས་ལྗོངས་ཡོད་པས་སྐྱེ་བོ་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད།
ད་ཆ་ས་མཐོ་དང་གདོད་མའི་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་འཚོལ་ཞིབ་བྱ་རྒྱུ་དེ་མིག་སྔའི་བོད་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པར་གྱུར་ཡོད། ཡུལ་སྐོར་བ་དེ་བས་མང་བ་སྐར་མ་རོང་དུ་ཡོང་གི་ཡོད་པས། དེ་སྔའི་ཁུག་ཀྱོག་གི་རི་གྲོང་ཕྱི་ཕྱོགས་དང་འབྲེལ་མཐུད་ཐུབ་ནས་ཇོ་མོ་གླང་མའི་ཤར་འདབས་སུ་གཉིས་ཁེ་གཉིས་ཕན་གྱི་རི་འཛེགས་ལམ་བུ་ཞིག་བསྐྲུན་དང་སྐྲུན་མུས་རེད།