འདི་ལོའི་ལོ་མཇུག་ཏུ། ལྷ་ས་གླང་ར་ཆང་རག་གྲོང་གི་རྣམ་གྲངས་ གཉེར་སྐྱོང་བྱེད་རྒྱུ་ཡིན་པ།
རང་ལྗོངས་ཀྱི་ཐོན་ལས་ཀྱི་གཅིག་སྡུད་ནུས་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་ཆེད། 2023ལོའི་ཟླ་8པར། ལྷ་ས་གླང་ར་ཆང་རག་གྲོང་གི་རྣམ་གྲངས་སྐྲུན་འགོ་ཚུགས་པ་རེད། རྣམ་གྲངས་དེ་ནི་ཅང་སུའུ་ཡིས་བོད་ལ་རོགས་སྐྱོར་དང་ནང་འདྲེན་བྱས་པའི་ཐོན་ལས་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། དབྱང་ཧོ་མ་རྐང་གིས་མ་རྐང་ཚོད་འཛིན་བྱས་ཏེ། བོད་ལྗོངས་སའི་གོ་ལའི་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཁེ་ལས་དང་མཉམ་འབྲེལ་ཐོག་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་འཆར་འགོད་ས་ཆའི་རྒྱ་ཁྱོན་ལ་མུའུ་167ཟིན་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་10བཏང་ཞིང་། འཛུགས་སྐྲུན་ནང་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་། མ་བཅོས་རྒྱུ་ཆ་དང་རྒྱུ་ཆ་ཕལ་བའི་མཛོད། ཆང་སྙོལ་སའི་འཁོར་ཁང་། ཐུམ་སྒྲིལ་འཁོར་ཁང་། ལས་བཟོའི་སྤྱི་ཤག ཟ་ཁང་། ཆང་གསོག་མཛོད། ཞོར་གཏོགས་སྒྲིག་ཆས་སོགས་ཚུད་ཡོད་པ་དེ་དག་དུས་མཚམས་གཉིས་ལ་དབྱེ་ཡོད་ཅིང་། མིག་སྔར་སྤྱིའི་ལས་གྲྭའི་20%ལེགས་གྲུབ་ཟིན་པ་དང་། འདི་ལོའི་ལོ་མཇུག་ཏུ་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་རེད།