འགྲམ་འགག་སྒོར“ཕྱོགས་གཉིས་ཀ་ནས་དངོས་ཟོག་ཤར་གཏོང”སླར་གསོ་བྱུང་ནས་ལོ་གཅིག་འཁོར་བ།
ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཉི་ཤུ་ཡན་ཟིན་པ།
གསར་འགོད་པས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར། བོད་ཀྱི་འགྲམ་འགག་སྒོར“ཕྱོགས་གཉིས་ཀ་ནས་དངོས་ཟོག་ཤར་གཏོང”སླར་གསོ་བྱུང་ནས་ལོ་གཅིག་རིང་། ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་24.4ཟིན་པ་དང་དངོས་ཟོག་བསྡོམས་འབོར་ཏུན་ཁྲི་9.6ཟིན་ཡོད་པ་རེད། འདི་ལོའི་དུས་ཚིགས་དང་པོར་འགྲམ་འགག་སྒོའི་ཕྱིར་གཏོང་ནང་འདྲེན་དངོས་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་7.6དང་དངོས་ཟོག་བསྡོམས་འབོར་ཏུན་ཁྲི་2.4ཟིན་པ་དེ་དུས་མཚུངས་ལས་207.1%དང་38.7%སོ་སོར་འཕར་ནས་ཉོ་ཚོང་བྱེད་ཚད་བོད་ཀྱི་འགག་སྒོ་ཁག་གི་ཨང་དང་པོར་སླེབས་ཡོད་པ་རེད།
2015ལོར་ནེ་པ་ལའི“4·25”ཡི་ས་ཡོམ་དྲག་པོའི་ཤུགས་རྐྱེན་ཐེབས་ནས་བོད་ཀྱི་འགྲམ་འགག་སྒོའི་བྱེད་ནུས་གནས་སྐབས་མཚམས་འཇོག་དགོས་བྱུང་ཡོད། 2019ལོའི་ཟླ་5ཚེས་29ཉིན་འགྲམ་འགག་སྒོའི་ཟོག་འདྲེན་བགྲོད་ལམ་གྱི་བྱེད་ནུས་སླར་གསོ་བྱུང་རྗེས་ནེ་པ་ལ་ཕྱོགས་གཅིག་གི་ཕྱིར་གཏོང་དངོས་ཟོག་ཤར་གཏོང་གི་རྣམ་པར་གནས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ལས་དོན་བཀོད་སྒྲིག་དང་རྒྱལ་ཁབ་འགག་སྒོ་དོ་དམ་གཞུང་དོན་ཁང་གི་མཐའ་མཚམས་འགག་སྒོ་གོ་རིམ་ལྡན་ལ་བརྟན་པོའི་ངང་ཤར་གཏོང་ཐུབ་པའི་བྱ་ཐབས་ལེགས་སྒྲིག་གི་བླང་བྱ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་སྐམ་ལམ་འགག་སྒོའི་ཕྱོགས་གཉིས་ཀར་དངོས་ཟོག་ཤར་གཏོང་སླར་གསོ་བྱེད་པའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གཞིར་བཟུང་། 2023ལོའི་ཟླ་5ཚེས་1ཉིན་འགྲམ་འགག་སྒོས་ནེ་པ་ལར་ཕྱིར་གཏོང་ནང་འདྲེན་ཕྱོགས་གཉིས་ཀ་ནས་དངོས་ཟོག་ཤར་གཏོང་བྱ་རྒྱུ་དངོས་སུ་སླར་གསོ་བྱས་པ་རེད།
འགག་སྒོའི་ཕྱིར་གཏོང་ནང་འདྲེན་ཚོང་དོན་གྱི་སྤུས་ཚད་མཐོ་རུ་དང་གྲངས་འབོར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་གཉའ་ནང་འགག་སྒོས་ལས་ཆོད་ཆེར་གཏོང་དང་། མ་གནས་དམའ་རུ་གཏོང་བ། སྒོ་དབྱེར་སྐུལ་གཏོང་། ཞབས་ཞུ་ལེགས་གཏོང་བཅས་ཕྱོགས་བཞིའི་ལས་ཀའི་གཙོ་གནད་ལ་དམིགས་ནས་རིག་ལྡན་འགག་སྒོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང“རིག་ལྡན་འགག་སྒོའི་རྒྱལ་ཁབ་སྟོབས་ཆེན”གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ། འགག་སྒོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“16+20”བྱ་ཐབས་དོན་འཁྱོལ་དང“འགག་སྒོའི་ཀོན་ཀྲང་གིས་སྲིད་ཇུས་སྒོ་རྩར་དྲིལ་བསྒྲགས”དང“གཅིག་གཏད་གཅིག་གི་འགག་སྒོ་དང་ཁེ་ལས་འབྲེལ་གཏུག”ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་རོགས་སྐྱོར་གནད་འཁེལ་བྱས་ཏེ་འགག་སྒོའི་ཟོག་འགྲེམས་ཤར་གཏོང་རྣམ་པ་མུ་མཐུད་ལེགས་སུ་བཏང་ནས་འགྲམ་འགག་སྒོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་རམ་འདེགས་བྱས་ཡོད་པ་རེད།