ལྷོ་ཁ་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་ལྗོངས་ཕྱིར་ལས་ཞུགས་ཀྱི་སྤུས་རྟགས་བཏོད་པ།
ན་ནིང་མཐོ་སློབ་སློབ་ཐོན་སློབ་མ་475ལྗོངས་ཕྱིར་ལས་ཞུགས་ཐུབ་པ།
ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་བོད་སྐྱོར་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། “ཚོགས་སྒྲིག་ཉམས་ལེན་དང་། ཚོགས་སྒྲིག་ལས་ཞུགས། ཚོགས་སྒྲིག་དོ་དམ། ཚོགས་སྒྲིག་ཞབས་འདེགས། ཚོགས་སྒྲིག་ཕན་ནུས”བཅས་ལས་ཀའི་བསམ་ཕྱོགས་སུ་བརྩིས་ཏེ་ལྗོངས་ཕྱིའི་ལས་ཞུགས་ཀྱི་སྲིད་ཇུས་ལེགས་སུ་གཏོང་བ་དང་། ལས་ཞུགས་བོད་སྐྱོར་ཀྱི་ལས་གནས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་འདེགས་སྤུས་ལེགས་ཞུ་བ་སོགས་ཀྱི་བྱ་ཐབས་སྤྱད་པ་ལས། ན་ནིང་ལོ་གཅིག་རིང་། ལས་ཞུགས་བོད་སྐྱོར་གྱི་ལས་གནས་7771གསར་སྤེལ་གྲབས་གསོག་བྱས་པ་དང་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་མ་475ལྗོངས་ཕྱིར་ལས་ཀར་ཞུགས་ནས་ཚོགས་སྒྲིག་རྣམ་པའི་ལྗོངས་ཕྱིའི་ལས་ཞུགས་ཀྱི་སྤུས་རྟགས་ཤིག་བཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་བྱས་ཏེ། ཚོགས་སྒྲིག་རྣམ་པའི་ལྗོངས་ཕྱིའི་ལས་ཞུགས་ཆེད་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཆེད་དོན་བརྗོད་གཞིར་ཞིབ་འཇུག་དང་། སྤྱི་འདོམས་སྐུལ་འདེད་བཏང་སྟེ་ལྗོངས་ཕྱིའི་ལས་ཞུགས་དམངས་ཕན་དང་ཁེ་ལས་ལ་ཕན་འདོགས་པའི་སྲིད་ཇུས་བཟོས་ནས་བཏོན་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཀྱི་ཁ་གསབ་རྨང་གཞིའི་ཐོག་ལྗོངས་ཕྱིར་ལས་ཞུགས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་1500མང་དུ་བཏང་བ་དང་དེ་རིམ་པས་སྤྱད་པས་གཡང་རྩེའི་སྒང་ལ་ཡས་སྒྲོན་ལྟ་བུའི་ནུས་པ་ཐོན་ནས་ལྗོངས་ཕྱིའི་ལས་ཞུགས་ཀྱི་བློ་འགུག་ནུས་པ་ཆེ་རུ་ནུས་ལྡན་བཏང་བ་རེད།
དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཁོངས་གཏོགས་ཀྱིས་གདེང་ཚོད་ཡོད་པ་དང་། གནས་ཚུལ་ཤེས་པ། འདོད་མོས་ཁ་གསལ་བ་བཅས་ཀྱི་་རྩ་དོན་ལྟར་ལྗོངས་ཕྱིར་ལས་ཞུགས་བྱེད་འདོད་ཡོད་མཁན་མཐོ་སློབ་སློབ་ཐོན་སློབ་མར་དམིགས་ནས་སྒོ་རྩར་བརྟག་དཔྱད་དང་། དུད་ཚང་དུ་བསྡོམས་རྩིས། བཅར་འདྲི་གླེང་མོལ་དང་སྤེལ་རེས་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ། “གཅིག་གཏད་གཅིག”གི་ཁྲིད་སྟོན་བྱས་ཐོག་སློབ་ཐོན་སློབ་མ་སྒྲིག་འཛུགས་བྱས་ནས་ཝུའུ་ཧན་དང་། ཁྲང་ཧྲ་སོགས་ས་ཁུལ་གྱི་ཁེ་ལས་ལ་བསྐྱོད་དེ་ལག་ལེན་ཉམས་ལེན་སྒོས།“ལྟ་བ་གསུམ་དང་། གྲོས་མོལ་གཅིག གཏན་འཁེལ་གཅིག”གི་བྱ་ཐབས་ལ་བརྟེན་ནས་ས་གནས་ས་ཐོག་ཏུ་ལྗོངས་ཕྱིའི་ལས་ཞུགས་ཀྱི་ཁོར་ཡུག་རྒྱུས་ལོན་ཡང་བྱས་པ་རེད། མཐོ་སློབ་སློབ་ཐོན་སློབ་མའི་འདོད་མོས་མིང་ཐོ་འགོད་པར་དམིགས་ཏེ་མི་གྲངས་གཞིར་བཟུང་ལས་གནས་བཀོད་སྒྲིག་དང་ལས་གནས་གཏན་འཁེལ་གྱི་བྱ་ཐབས་སྤྱད་ནས། ལས་ཞུགས་ཀྱི་ལས་གནས་དང་། “གཅིག་གཏད་གཅིག”གི་ལས་ཞུགས་ཀྱི་ལས་གནས་གསར་སྤེལ་གནད་ལ་འཁེལ་པོ་བྱས་པས་ལྗོངས་ཕྱིར་ལས་ཞུགས་བྱེད་འདོད་ཡོད་མཁན་མཐོ་སློབ་སློབ་ཐོན་སློབ་མའི་ཆོད་སེམས་དང་གདེང་ཚོད་ཆེ་རུ་ཕྱིན་ཡོད།