སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ།
གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས་སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་དམར་ཤང་མཚོ་སྨད་གྲོང་ཚོ་ཚོད་ལྟའི་ས་ཚིགས་སུ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཚོས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་བེད་མེད་ས་ཆ་བེད་སྤྱོད་ཡག་པོ་བྱས་ཏེ་འབབ་འཕར་ཐབས་ལམ་བཏོད་པ་རེད།
མཚོ་སྨད་གྲོང་ཚོ་ནི་རྒྱལ་ལམ་109ཡི་ལམ་རྒྱུད་དུ་གནས་པ་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དང་བར་ཐག་སྤྱི་ལེ་45ལས་མེད་པས་འགྲིམ་འགྲུལ་སྟབས་བདེ་བ་མ་ཟད། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་པོ་ཡོད། ཅུས་དེས་ས་གནས་དེ་གའི་མཚོ་སྨད་ཀྱི་ལྷ་མོ་དང་མཚོ་སྨད་དགོན་སོགས་རང་བྱུང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ལ་བརྟེན་པ་དང་། སྡོད་གནས་ཁྱབ་ཁོངས་སུ་ཉ་ལྕིབས་ཁེ་ལས་ཀྱི་ཆེད་ལས་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ཏེ་མཚོ་སྨད་གྲོང་ཚོའི་གནའ་བོའི་གྲོང་ཚོ་སྲུང་སྐྱོང་དང་འཛུགས་གཏོད་ཡག་པོ་བྱས་ཡོད།
གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་གཏོད་ཆེད། ཅུས་དེས་ཉམས་ལེན་རྣམ་པ་མི་འདྲ་བའི་སྒོ་རའི་དཔལ་འབྱོར་གཏོད་པའི་ཐབས་ལམ་བརྒྱུད། སྒྲིག་བཀོད་ཆ་ཚང་བ་དང་ནུས་པ་སྣ་ཚོགས་ལྡན་པའི་སྤྲོ་གསེང་ལྟ་སྐོར་གླིང་དང་། གྲོང་གསེབ་ཡུལ་སྐོར་གྱི་དམངས་སྲོལ་གནས་ཚང་། ལྷ་མོ་རྒྱུན་འཛིན་རྟེན་གཞི་བཅས་བཙུགས་པ་དང་འབྲེལ། སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འབྲོག་ཁུལ་གྱི་འཚོ་བ་ཉམས་ལེན་བྱེད་མཁན་དེ་བས་མང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་ཐབས་བྱས་པ་རེད། དེ་དང་དུས་མཚུངས། མཚོ་སྨད་གྲོང་ཚོས་འབྲི་གཡག་གསོ་ཚགས་རྟེན་གཞི་དང་། དུད་སྦྲེལ་འབབ་འཕར་སོ་ཕག་བཟོ་གྲྭ དབང་པོ་སྐྱོན་ཅན་གྱི་ཁྱིམ་ཆས་བཟོ་ཁང་། འབྲུ་རིགས་ལས་སྣོན་བཟོ་གྲྭ“ས་ཞིང་ཚབ་བཅོལ་ཚབ་འདེབས”བཅས་ཀྱི་དངོས་ཚན་དཔལ་འབྱོར་5གཙོ་གནད་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་འབྲེལ། ལས་ཞུགས་ལས་གནས་མཁོ་འདོན་བྱས་པས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཡོང་གི་ཡོད། 2020ལོ་ཚུན་དུ། མཚོ་སྨད་གྲོང་ཚོ་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་ཁྱད་ལྡན་གྲོང་ཚོ་དང་ལྗོངས་ཡོངས་ཀྱི་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་སུ་བདམས་ཡོད།