དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • “ངས་ཤིས་ཨན་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་མཐོང་བྱུང”

    —— བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་ཚོང་འགུགས་མ་འདྲེན་དང་ཁྱད་ལྡན་ཐོན་རྫས་ཚོང་འདུས་ཀྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-30

    འདི་ནི་ཤིས་ཨན་གྱི་གྲོང་མིས་བོད་ཀྱི་ཁྱད་ལྡན་ཐོན་རྫས་འདེམས་ཉོ་བྱེད་བཞིན་པ།

    ཟླ་4ཚེས་27ཉིན། དུས་ཡུན་ཉིན་4ཡི་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་ཚོང་འགུགས་མ་འདྲེན་དང་ཁྱད་ལྡན་ཐོན་རྫས་ཚོང་འདུས་ཤིས་ཨན་ཏ་ཐང་མཚན་ཁྲོམ་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    བོད་ཀྱི་གླུ་གར་ཁྲོད་ཡུལ་ལུང་གང་སར་སྐད་གྲགས་ཆོད་པའི་བོད་ཀྱི་སྙེ་མོའི་སྤོས་དང་། ཁ་ཆེ་ཤ་སྐམ། ཚགས་ཤ་སྐམ་པོ། མལ་གྲོའི་པད་ཁའི་སྣུམ། རྩམ་པའི་བག་ལེབ་སོགས་ཁྱད་ལྡན་ཐོན་རྫས་གྲགས་ཅན་མང་དག་ཅིག་འགྲེམས་སྟོན་བྱས་པར་ཏ་ཐང་མཚན་ཁྲོམ་གྱི་རྐང་ཐང་ཁྲོམ་གཞུང་དུ་ལྟད་མོ་ལྟ་བར་ཡོང་མཁན་གྲོང་མི་དང་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག་ཡོད།

    “འཁྲབ་སྟོན་ངོ་མཚར་ཆེ་ལ་འགྱུར་ཁུག་སྙན་འཇེབས་ལྡན་ཞིང་། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་མཉམ་འདྲེས་ཐུབ་པས་བོད་དུ་སླེབས་པའི་སྣང་ཚུལ་ངང་གིས་སྟེར” འགོ་ཚུགས་མཛད་སྒོའི་ཁྱད་ལྡན་གླུ་གར་འཁྲབ་སྟོན་ལས་བོད་ལ་འགྲོ་འདོད་ཡོད་ཀྱང་ད་བར་འགྲོ་མ་ཐུབ་པའི་ཤིས་ཨན་གྱི་གྲོང་མི་ལི་ཝུའེ་ཅ་དགའ་སྤྲོ་དཔག་མེད་སྐྱེས། ཁོང་གིས“བསམ་ཡུལ་ལས་འདས་པ་ཞིག་ལ་ངས་ཤིས་ཨན་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་མཐོང་བྱུང་ལ་དེང་གི་བོད་ཀྱི་རྣམ་པ་ཡང་མཐོང་བྱུང་། འདི་ལོ་རང་ཉིད་ངེས་པར་དུ་བོད་དུ་བསྐྱོད་དེ་ཕོ་བྲང་པོ་ཏ་ལར་ལྟ་བར་འགྲོ་གི་ཡིན”ཞེས་བཤད།

    “ཚགས་ཤ་སྐམ་པོ་དང་རྩམ་པའི་བག་ལེབ་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཚང་མ་ནི་ལྗང་མདོག་གནོད་མེད་ཀྱི་སྐྱེ་ལྡན་བཟའ་བཅའ་ཡིན་པས་མི་དེ་བས་མང་བས་ཤེས་སུ་འཇུག་དགོས”ཞེས་ཧུའུ་པེ་ནས་ཤིས་ཨན་དུ་ཡུལ་སྐོར་ལ་ཡོང་མཁན་ལེ་ཁྲའོ་ཡིས་ཚོང་འདུས་ཐོག་ནས་ཀྱི་སྦི་རག་ལྕགས་ཀྲིན་གང་ཉོས་ཏེ་བྲོ་བ་མྱངས་རྗེས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས། བོད་ལ་གཏན་ནས་འགྲོ་མྱོང་མེད་པའི་ཁོང་གིས་ཤིས་ཨན་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་བྲོ་བ་མྱོང་རྒྱུ་བྱུང་ཡོད།

    ལྷ་ས་ཀུན་བཟང་ཚོང་དོན་ཚད་ཡོད་ཀུང་སིའི་འགྲེམས་སྟེགས་ཐོག་གི་ཁ་ཆེ་ཤ་སྐམ་དང་འབྲི་ཕྱུར་སྐམ་པོས་ཤིས་ཨན་གྱི་གྲོང་མི་ཝང་ལགས་ཀྱི་ནང་མི་ཚོའི་མིག་དབང་ཡོངས་སུ་འཕྲོག “ཁ་ཆེ་ཤ་སྐམ་གྱིས་ཁྲག་རྒྱུ་སླ་རུ་གཏོང་བ་དང་དུག་སེལ་བྱེད་ཐུབ་པ་མ་ཟད། ད་དུང་ལུས་སེམས་བདེ་རུ་དང་རིམས་འགོག་གི་ནུས་པའང་ཆེ་རུ་གཏོང་ཐུབ”ཅེས་པའི་ཚོང་པའི་ངོ་སྤྲོད་ཉན་རྗེས། སྐུ་ཞབས་ཝང་ལགས་ཀྱིས་ཁ་ཆེ་ཤ་སྐམ་ཁེ་བཅུ་གྲངས་དང་བྲོ་བ་འདྲ་མིན་སྣ་ཚོགས་ཀྱི་འབྲི་ཕྱུར་སྐམ་པོ་ཤོག་ཆག་བཅུ་གྲངས་ཁ་ཤས་ཉོས་ཤིང་། ཁོང་གིས“བོད་ཀྱི་ཁྱད་ལྡན་ཐོན་རྫས་དེ་དག་ཕ་ཡུལ་དུ་འཁྱེར་ནས་གཉེན་ཉེ་དང་གྲོགས་པོ་ཚོར་སྤྲད་དེ་ཚང་མར་བོད་ཀྱི་ཞིམ་ཟས་ཀྱི་བྲོ་བ་མྱོང་དུ་འཇུག་གི་ཡིན”ཞེས་བཤད།

    བོད་ལྗོངས་ཙང་ཡོན་ཆང་ལས་ཚན་རྩལ་ཚད་ཡོད་ཀུང་སི་ནི་ནས་ཀྱི་བཟའ་བཅའ་དང་བཏུང་བྱ་ཞིབ་འཇུག་དང་། གསར་སྤེལ། ཐོན་སྐྱེད་བཅས་བྱེད་མཁན་གྱི་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས་ཤིག་ཡིན་ཞིང་། ཀུང་སིར་ནས་ཀྱི་སྦི་རག་དང་། གྲོ་ཆག ནས་ཀྱི་བདེ་སྲུང་ཨ་རག་གསར་གཏོད་ཁེ་བེད་བདག་ཐོབ་སོགས་ཤེས་བྱའི་བདག་དབང་ཁག་60ལྷག་ཙམ་ཡོད། ཁོང་གིས་ད་ཐེངས་ཀྱི་ཁྱད་ལྡན་ཐོན་རྫས་ཚོང་འདུས་ཀྱི་འགན་འཁུར་བ་གཙོ་བོ་ཡིན་པའི་ངོས་ནས་བཀྲ་ཤིས་དོན་གྲུབ་ཀྱིས་ཀུང་སིས་ཐོན་སྐྱེད་བྱས་པའི་སྦི་རག་སྣ་ཚོགས་ཤིས་ཨན་དུ་ཁྱེར་ཡོད་པ་རེད། “ད་ཐེངས་ཀྱི་སྤུས་རྟགས་འོས་སྦྱོར་ཚོགས་འདུ་དང་དྲ་ཕྱིའི་འགྲེམས་སྟོན་དང་སྤེལ་རེས་བརྒྱུད། དྲ་ཐོག་དང་དྲ་ཕྱི་གཉིས་ཀྱི་ཐབས་ལམ་བཏོད་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་ཐག་རིང་སར་དང་དེ་བས་བརྟན་པའི་ངང་སྐྱོད་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྤུས་རྟགས་གཏོད་རྒྱུ་དང་བོད་ཀྱི་ཁྱད་ལྡན་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས། སྤུས་རྟགས་འོས་སྦྱོར་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་དང་བོད་ཀྱི་ཁེ་ལས་ཀྱིས་ཕྱི་ཕྱོགས་སྤེལ་རེས་རྒྱ་ཆེར་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་བོད་ཀྱི་སྤུས་རྟགས་ཚོང་ཟོག“ཕྱིར་སྐྱོད་པར”ལྕག་སྐུལ་བྱས་ཡོད། འདི་ལོ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་རིག་གནས་ཡུལ་སྐོར་གྱི་ཚོང་འགུགས་རྣམ་གྲངས་ཁག་139འཆར་འགོད་བྱས་ནས་བཏོན་པར་སྔོན་དཔག་བྱས་ན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་322.3ཟིན་ཡོད་པ་རེད།

    “ཤིས་ཨན་དུ་གཉེར་བའི་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་ཚོང་འགུགས་མ་འདྲེན་དང་ཁྱད་ལྡན་ཐོན་རྫས་ཚོང་འདུས་བྱེད་སྒོ་ནི་ཏ་ཐང་མཚན་ཁྲོམ་གྱི་མི་རྒྱུན་མང་པོར་བརྟེན་ནས་བོད་ཀྱི་ཁྱད་ལྡན་སྤུས་རྟགས་ཚོང་ཟོག་ཤིས་ཨན་དུ་སྐྱོད་པ་དང་རྒྱལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རར་བསྐྱོད་ཆེད་གཟུགས་བརྙན་འགྲེམས་སྟོན་བྱེད་པ་དང་། སྤུས་རྟགས་དྲིལ་བསྒྲགས་བྱེད་པ། ཁྲོམ་ར་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ལས་སྟེགས་ཤིག་བསྐྲུན་ཏེ། བོད་ཀྱི་ལྗང་མདོག་དང་། སྐྱེ་ལྡན། བདེ་ཐང་བཅས་ཀྱི་སྤུས་རྟགས་ཐོན་རྫས་རྒྱལ་ཡོངས་སུ་ཁྱབ་སྤེལ་བཏང་ནས་བོད་དང་རྒྱལ་ཡོངས་ས་གནས་ཁག་དབར་ཕན་ཚུན་འབྲེལ་མཐུད་དང་། གཉིས་ཕན་གཉིས་ཁེ། ཐུན་མོང་འཕེལ་རྒྱས་བཅས་ཡོང་ཆེད་རེད། དེ་དང་ཆབས་ཅིག རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུགས་ཆེན་པོ་དང་། འཛུགས་སྐྲུན་ཆེན་པོ། འཕེལ་རྒྱས་ཆེན་པོ་བཅས་བརྒྱུད། མི་རིགས་ཁག་དབར་གྱི་འགྲོ་འོང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་ཟབ་ཏུ་ཕྱིན་ནས‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད’ཅེས་པའི་དུས་རབས་ཀྱི་སྐད་སྒྲ་ཆེན་པོ་གྲགས་ངེས་རེད”ཅེས་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡང་ཀྲི་ཡུང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།