རང་ལྗོངས་ཀྱི་དངུལ་རྩའི་ཞབས་ཞུའི་གཙོ་གནད་ཁྱབ་ཁོངས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།
དུས་ཚིགས་དང་པོར་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6380.75ཟིན་པ།
ཉེ་ཆར། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་མཛུབ་ཁྲིད་འོག ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ཀྱི་དངུལ་རྩར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས། ཡིད་རྟོན་དངུལ་བུན་གྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6380.75ཟིན་པ་དེ་དུས་མཚུངས་ལས་13.55%འཕར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐོན་ལས་གཉིས་པའི་ཡིད་རྟོན་དངུལ་བུན་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས་དུས་ཚིགས་དང་པོར་རང་ལྗོངས་ཀྱི་ཐོན་ལས་གཉིས་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2853.17ཟིན་པ་དེ་དུས་མཚུངས་ལས་30.53%འཕར་ཡོད། དེའི་ནང་ཨར་སྐྲུན་ལས་རིགས་དང་། གློག་ཤུགས། ཚ་ནུས་བཅས་དང་དེ་བཞིན་ཆུའི་ཐོན་སྐྱེད་མཁོ་སྤྲོད་ལས་རིགས་དུས་མཚུངས་ལས་54.34%དང་28.17%སོ་སོར་འཕར་ཡོད་པ་རེད།
དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་ཞབས་ཞུའི་རྣམ་པ་གསར་པ་བཏོད་པས“ཞིང་གསུམ”ལ་དངུལ་རྩས་ཞབས་ཞུ་བྱེད་པའི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དུས་ཚིགས་དང་པོར་རང་ལྗོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1854.47ཟིན་པ་དེ་དུས་མཚུངས་ལས་12.67%འཕར་ཡོད། དེའི་ནང་གྲོང་གསེབ་ཀྱི་དངུལ་བུན་དུས་མཚུངས་ལས་19.51%འཕར་བ་དང་ཞིང་དུད་ཀྱི་དངུལ་བུན་དུས་མཚུངས་ལས་8.07%འཕར་ཡོད།