དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་ཚ་ཚ་འུར་འུར་དུ་སྤེལ་བས་ཆུང་སྡིས་ཀྱི་ཚོང་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ།

    བྱང་ཆུབ་པའི་ལག་རྩལ་ལ་བརྟེན་པས་འཚོ་བ་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-30

    དཔྱིད་ཟླ་བཞི་པའི་བོད་བྱང་ཐང་དུ་ས་ཆ་གཞན་དང་བསྡུར་ན་དཔྱིད་ཀྱི་དྲོད་རླུང་ལྡང་ཕྱི་ཙམ་ཡོད་པས། དགུན་དུས་ཀྱི་གྲང་རླུང་སྔར་མུས་བཞིན་ས་ཆ་འདིར་ལྡང་བཞིན་ཡོད། འོན་ཀྱང་ཞིབ་པར་བལྟས་ཚེ། གཙང་པོའི་ངོགས་གཉིས་ཀྱི་སྤང་ལྗོངས་སྟེང་མྱུ་གུ་གསར་པ་འབུས་ནས་སྔོ་མདངས་རབ་རིབ་ཅིག་མིག་ལམ་དུ་འཆར་ཐུབ།

    དཔྱིད་ཀྱི་རླུང་བུའི་ལྡང་ཕྱོགས་དང་བསྟུན་ནས་གསར་འགོད་པ་དང་བཅས་པ་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་གི་མང་ཚོགས་ཆུང་སྡིས་ཀྱི་ཁྱིམ་དུ་བསྐྱོད་པ་ཡིན། “མགྱོགས་པོ་ནང་ལ་ཕེབས་ཤོག འདི་ནི་ངའི་ལས་དོན་ཁང་དང་། འདི་ནི་མཛོད་ཁང་། འདི་ནི་འགྲེམས་སྟོན་ཁང་དང་སྣེ་ལེན་ཁང་ཡིན”ཞེས་ཆུང་སྡིས་ཀྱིས་སེམས་རྩ་འཁོལ་པོས་ཚང་མར་ངོ་སྤྲོད་བྱེད་བཞིན་འདུག

    ཆུང་སྡིས་ནི་འབྲོག་པ་དཀྱུས་མ་ཞིག་ཡིན། འོན་ཀྱང་ཁོང་གི་ཀོ་ཆས་བཟོ་བའི་ལག་རྩལ་བྱང་ཆུབ་པོ་ཡོད་པ་དང་སེམས་རྩ་འཁོལ་ལ་གཤིས་རྒྱུད་བཟང་བའི་དབང་གིས་ཁོང་གི་སྙན་གྲགས་ཤང་ཡོངས་སུ་ས་ཁྱབ་རྡོ་ཁྱབ་བྱུང་ཡོད།

    ཆུང་སྡིས་ཕོ་ལོ་16ནས་བཟུང་སྤོ་བོ་ལགས་དང་ཕའི་དྲུང་ནས་ཀོ་ཆས་བཟོ་རྩལ་དང་བསླས་འཐག་ལག་རྩལ་སྦྱངས། སྲོལ་རྒྱུན་གྱི་ལག་རྩལ་བྱང་ཆུབ་པའི་རྨང་གཞིའི་ཐོག ཆུང་སྡིས་ཀྱིས་ད་དུང་དཔེ་དེབ་དང་དྲ་རྒྱ་ནས་སློབ་སྦྱོང་མུ་མཐུད་བྱས་ཏེ། རི་མོ་ཇུས་འགོད་དང་འཚེམ་རྩལ་གསར་གཏོད་བྱས་ནས་སྤྱོད་གོ་ཆོད་པའི་བྱ་ཐབས་འཚོལ་ཞིབ་དང་གསར་གཏོད་དེ་བས་མང་བ་བྱས་ཡོད། ད་ཆ་ཁོང་གིས་བཟོས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད།

    “‘གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད’ཀྱི་བྱེད་སྒོ(གཤམ་དུ་མདུན་སྐྱོད་བྱེད་སྒོ་ཞེས་བསྡུ་རྒྱུ)སྤེལ་རྗེས། ངས་དྲ་ཐོག་གི་ལས་སྟེགས་ཁག་ཏུ་འགྲེམས་སྟོན་དང་བྲིན་ཚོང་བྱེད་འགོ་བཙུགས་པ་ཡིན། དེས་མ་ཚད་མདུན་སྐྱོད་ཀྱི་བྱེད་སྒོའི་འགྲན་བསྡུར་རབ་དང་རིམ་པར་ཞུགས་པ་བརྒྱུད། ངའི་ལག་ཤེས་ཐོན་རྫས་ལ་མི་དེ་བས་མང་བས་རྒྱུས་མངའ་དང་དགའ་པོ་བྱེད་ཀྱི་འདུག

    ཕ་ཡུལ་ལ་སྔར་བས་དྲིན་ལན་འཇལ་བ་དང་ཀོ་ཆས་བཟོ་རྩལ་རྒྱུན་འཛིན་དེ་བས་ལེགས་པ་བྱ་ཆེད། ཆུང་སྡིས་ཀྱིས་མ་དངུལ་བཏང་ནས་ཀོ་ཆས་བཟོ་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་སློབ་ཡོན་མེད་པར་སློབ་ཁྲིད་བྱས་པ་དང་། ད་ཆ་དགེ་ཕྲུག་43ཙམ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་གྱིས་ལོ་ལྟར“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”བརྗོད་དོན་གཙོ་བོར་བྱས་པའི་མང་ཚོཊ་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་ནས་མང་ཚོཊ་སྒྲིག་འཛུཊ་དང་གོང་བུ་གཅིག་ཏུ་དངོས་འབྲེལ་སྒྲིལ་ཐུབ་པ་བྱུང་ཡོད།

    ཆུང་སྡིས་ཀྱིས་མདུན་སྐྱོད་བྱེད་སྒོར་ཧུར་ཐག་ཞུགས་ཏེ་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་སྐབས་གསུམ་གྱི་འགྲན་བསྡུར་ནང་གྲུབ་འབྲས་ཕུལ་བྱུང་ཐོབ་ཡོད། “ན་ནིང་ངས་ད་དུང་ལེའོ་ཉིང་དུ་ལྟ་སྐོར་སློབ་སྦྱོང་ལ་ཕྱིན་པ་ཡིན། དེ་ནི་སྦྲ་ཆེན་རྫོང་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པ་ཞིག་རེད། ང་ཚོ་བྱ་དགའ་ཐོབ་པའི་བདམས་ཐོན་པར་མཚོན་ན་དེ་ནི་སྐུལ་ལྕག་ཆེན་པོ་ཞིག་རེད། ལེའོ་ཉིང་དུ་སྤེལ་རེས་སློབ་སྦྱོང་བྱེད་རིང་ང་ལ་ས་གནས་དེ་གའི་སྐུ་མགྲོན་མང་པོ་ཞིག་ངོ་ཤེས་བྱུང”ཞེས་དགའ་སྤྲོའི་ངང་བཤད།

    ཆུང་སྡིས་ནི་སྦྲ་ཆེན་རྫོང་གི་མདུན་སྐྱོད་བྱེད་སྒོའི་གྲུབ་འབྲས་གཞན་སྒྱུར་གྱི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། སྦྲ་ཆེན་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཐའོ་ཡིས། ན་ནིང་སྦྲ་ཆེན་རྫོང་གིས་ཁྱོན་མང་ཚོགས་52སྒྲིག་འཛུགས་བྱས་ནས་ལེའོ་ཉིང་ཞིང་ཆེན་དུ་དུས་ཡུན་ཟླ་ཕྱེད་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    དེ་དང་ཆབས་ཅིག་མདུན་སྐྱོད་བྱེད་སྒོའི་གྲུབ་འབྲས་གཞན་སྒྱུར་ལས་དོན་གྱི་ཕན་འབྲས་མུ་མཐུད་ཟབ་ཏུ་གཏོང་ཆེད། སྦྲ་ཆེན་རྫོང་གིས་སྔ་རྗེས་སུ་བསླས་འཐག་དང་། ཀོ་ཆས། རི་མོ། སྦག་སྦག་ཉམས་གསོ། མ་བྱན་སོགས་ཀྱི་ཆེད་ལས་རྩལ་ནུས་ཤེས་ལྡན་པ་ཁྱོན་200ལྷག་ཙམ་སྔོག་འདོན་བྱས་ཏེ། ཕྱོགས་གཅིག་ནས་རྩལ་ནུས་ཤེས་ལྡན་པའི་མཛོད་ནང་བཅུག་སྟེ་རིམ་པ་ཁག་གི་རྩལ་ནུས་གདན་ཞུའི་བྱེད་སྒོའི་ནང་སྔོན་ལ་འོས་སྦྱོར་བྱས་ནས་དེའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྫོང་ཁོངས་སུ་རྩལ་ནུས་གསོ་སྦྱོང་བྱེད་དུ་བཅུག་སྟེ་མང་ཚོགས་དེ་བས་མང་བས་རྩལ་ནུས་ཁོང་དུ་ཆུད་པར་སྐུལ་ཁྲིད་དང་ཡོང་འབབ་འཕར་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།