དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་མ་དངུལ་བཏང་བས་ལོ་སིར་འགྱུར་ལྡོག་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-29

    འདི་ནི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་འགྲུལ་སྐྱེལ་མེ་འཁོར་མོ་ཧན་བབས་ཚུགས་སུ་འབྱོར་བའི་གནས་ཚུལ་ཡིན་པ། (ཁྲེན་ཁྲང་གིས་པར་བླངས)

    གསར་དུ་བསྐྲུན་པའི་མྱུར་བགྲོད་གཞུང་ལམ་དང་། ལྕགས་ལམ། དཔལ་འབྱོར་ཁུལ་བཅས་ནི་ཀྲུང་གོའི་མ་འཇོག་གི་སྐུལ་འདེད་འོག་ལོ་སིར་བྱུང་བའི་འགྱུར་ལྡོག་རེད། དབྱི་ཐ་ལིའི་པར་ལེན་མཁས་ཅན་ཉི་ཀུའུ་ལཱ་སི·པོ་སོ་ཉི་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཏུ་ལས་ཀ་བྱས་ནས་ལོ་མང་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། ཕྱི་རྒྱལ་གྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས་རྒྱལ་ཁབ་འདིའི་རྣམ་པ་གསར་རྐྱང་དུ་གྱུར་ལ། པོ་སོ་ཉི་ཡིས་རང་ཉིད་ཀྱི་པར་ཆས་ལ་བརྟེན་ནས་འགྱུར་ལྡོག་དེ་དག་པར་དུ་བླངས་ཤིང་། ལོ་5ཡི་རིང་། ཁོང་གིས་རྟག་ཏུ་སྦག་སྦག་བཞོན་ནས་ལས་ཡུལ་ཆེན་པོ་གཅིག་ནས་གཞན་ཞིག་ཏུ་བསྐྱོད་དེ་ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་ལོ་སིར་བྱ་བ་གང་ཞིག་བསྒྲུབས་ཡོད་པ་དང་ས་གནས་དེ་གའི་མི་རྣམས་ཀྱི་ལྟ་ཚུལ་གང་འདྲ་ཡོད་མེད་ཤེས་རྟོགས་བྱེད་ཀྱི་ཡོད།

    ལོ་གཉིས་དང་ལོ་ཕྱེད་གོང་། ཀྲུང་གོའི་བཟོ་སྐྲུན་ལག་རྩལ་གཙོ་བོར་སྤྱད་པའི་མྱུར་བགྲོད་མེ་འཁོར་ལོ་སིར་ཤར་གཏོང་ཐུབ་པ་དེས་ལོ་སི་དང་། ཀྲུང་གོ་དང་དེ་བཞིན་ཉེ་འཁོར་རྒྱལ་ཁབ་གཞན་དག་དབར་འབྲེལ་མཐུད་ཐུབ་ཡོད་ལ། ཝན་ཐེན་ནས་མོ་ཧན་དང་། དེ་ནས་མོ་ཏིང་གྲུ་ཁ་བར་གྱི་མྱུར་བགྲོད་ལྕགས་ལམ་སྐྲུན་བཞིན་ཡོད། དེས་དེ་སྔའི་འབར་འབུར་མང་བའི་གཞུང་ལམ་དག་མེད་པར་འགྱུར་རྒྱུ་རེད། ལོ་སིར་ད་དུང་དཔལ་འབྱོར་ཁུལ་དང་འདེབས་འཛུགས་གླིང་ཆེ་གྲས་གསར་པ་མང་པོ་བསྐྲུན་ཏེ་ཡུལ་དེའི་ལོ་ཏོག་སྨིན་རྗེས་ཀྲུང་གོར་གཏོང་རྒྱུ་རེད། ཀྲུང་གོའི་ཁེ་ལས་མེ་ཀུང་གཙང་པོའི་ལོ་སི་དུམ་བུའི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ནང་ཞུགས་བཞིན་ཡོད། པོ་སོ་ཉི་ཡིས་བརྟག་དཔྱད་ཇི་ཙམ་རིང་བ་བྱས་པ་དེ་ཙམ་གྱིས་ལས་ཡུལ་ཉེ་འཁོར་གྱི་དམངས་ཚོགས་དང་འདྲིས་ཡུན་རིང་དུ་སོང་ནས་ལོ་སི་དང་དེའི་དམངས་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་སྣང་མེད་དུ་འཇོག་ཐབས་བྲལ། རྒྱལ་ཁབ་དེའི་མི་མང་པོ་ཞིག་གིས་ཀྲུང་གོ་དང་རང་ཉིད་ཀྱི་ཕ་ཡུལ་གྱི་འགྱུར་ལྡོག་ཟུང་འབྲེལ་བྱས་ཏེ་དེང་རབས་ཅན་གྱི་ལོ་སིའི་ཕུགས་འདུན་ནི་དམངས་ཚོགས་ལ་ལས་ཞུགས་སྔར་བས་མང་བ་དང་། དར་རྒྱས་ཆེ་ཙམ་དང་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་དེ་ཡིན་པ་ནི་ངེས་པར་མཐོང་ཐུབ་པ་བྱེད་རྒྱུ་དེ་རེད།

    ཀྲུང་གོ་དང་ལོ་སིའི་མཐའ་མཚམས་གྲོང་རྡལ་ཆུང་ངུ་མོ་ཏིང་གི་ཨར་སྐྲུན་བཟོ་པ་ཞིག་གིས་ད་ཆ་གཞི་ནས་གླ་ཆ་བརྟན་པོ་བྱུང་སོང་། ཡོང་འབབ་བསགས་ནས་རང་ཁྱིམ་རྒྱག་རྒྱུར་སྤྱོད་རྒྱུ་ཡིན་པས་ཧ་ཅང་དགའ་པོ་འདུག་ཅེས་པོ་སོ་ཉིར་བཤད་པ་དང་། ད་དུང་ཞོག་ཁོག་འདེབས་མཁན་ཞིང་པ་ཞིག་གིས“འགྲིམ་འགྲུལ་སྟབས་བདེ་རུ་སོང་བ་དེས་ཞིང་པས་ཞིང་ལས་ཐོན་རྫས་དེ་བས་མང་བ་ཕྱི་རྒྱལ་དུ་བཏང་ནས་ཁེ་བཟང་མང་པོ་རག་གི་འདུག”ཅེས་རང་ཉིད་ཀྱི་ཐོན་རྫས་ཀྲུང་གོར་གཏོང་རྒྱུའི་རླངས་འཁོར་ཆེན་པོ་ཞིག་ནང་བླུག་བཞིན་དེ་ལྟར་བཤད།

    —— འཇར་མན་གྱི《མེ་ལོང》གཟའ་འཁོར་དུས་དེབ་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།