རང་སྐྱོང་ལྗོངས་ཀྱི་ཐོན་ལས་སྲིད་ཇུས་འོས་སྦྱོར་ཚོགས་འདུ་ཤིས་ཨན་དུ་འཚོགས་པ།
ས་གནས་ས་ཐོག་ཏུ་རྣམ་གྲངས་ཁག་16ལ་གན་རྒྱ་བཞག་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་66.5ཙམ་བཏང་བ།
ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཀྱི་ཤིས་ཨན་གྱི་ཚོང་འགུགས་མ་འདྲེན་བྱེད་སྒོ་རབ་དང་རིམ་པ་སྟེ། ཐོན་ལས་སྲིད་ཇུས་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གན་འཇོག་མཛད་སྒོ་ཤིས་ཨན་དུ་འཚོགས་པ་དང་། ཧྲའན་ཤིས་དང་ཉེ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་100ལྷག་ཙམ་དེའི་ནང་ཞུགས་ནས་ས་གནས་ས་ཐོག་ཏུ་རྣམ་གྲངས་ཁག་16ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་66.5བཏང་བ་དེ་དག་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར། དེང་རབས་ཞབས་ཞུ། བོད་ལུགས་གསོ་རིག སྤྱི་སྤྱོད་མཁའ་འགྲུལ་སོགས་ཀྱི་ཐོན་ལས་དང་འབྲེལ་ཡོད་པ་རེད།
ཁེ་ལས་ཀྱིས་བོད་ཀྱི་ཐོན་ལས་སྲིད་ཇུས་དང་མ་འཇོག་ཁོར་ཡུག་ལ་རྒྱུས་མངའ་དེ་བས་ཡག་པོ་ཡོང་བར་རོགས་རམ་དང་སྤུས་ལེགས་ཁེ་ལས་བོད་དུ་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཆེད། གན་འཇོག་མཛད་སྒོ་མ་འཚོག་གོང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། རིག་གནས་དང་ཡུལ་སྐོར་ཐིང་སོགས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་བོད་ཀྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། དངུལ་རྩ་དོ་དམ་ཅུས་དང་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་སོགས་སྡེ་ཚན་གྱི་འགན་འཁུར་བས་ཁེ་ལས་ཀྱིས་བོད་དུ་མ་དངུལ་བསྡུ་སྒྲིལ་དང་ཁྲོམ་འགྲེམས་ལྗང་མདོག་བགྲོད་ལམ་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་ཤིང་། “ང་ཚོས་མི་དེ་བས་མང་བས་བོད་རྒྱུས་མངའ་དང་བོད་ལ་དོ་ཁུར་བྱས་ཏེ་བོད་དང་ཧྲའན་ཤིས་ཏེ་ཞིང་ཆེན་དང་ལྗོངས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་སྔར་བས་ཟབ་ཏུ་བཏང་ནས་ཧྲའན་ཤིས་ཀྱི་འབྲེལ་ཡོད་ཐོན་ལས་བོད་དུ་ཁྱབ་པར་སྐུལ་འདེད་གཏོང་བ་དང་དུས་མཚུངས་བོད་ཀྱི་གྲགས་ཅན་ཁྱད་ལྡན་ཐོན་རྫས་ཧྲའན་ཤིས་ལ་བརྟེན་ནས་རྒྱལ་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་སྟེ། ‘རྒྱུད་གཅིག་ལམ་གཅིག’ནང་མཉམ་འདྲེས་ཐུབ་པར་བྱས་ནས་ཁེ་ལས་འཕེལ་རྒྱས་འགྲོ་བར་གོ་སྐབས་དེ་བས་མང་བ་སྤྲོད་རྒྱུའི་རེ་བ་ཡོད”ཅེས་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཀྲི་ཡུང་གིས་བརྗོད།
གན་རྒྱ་མཇོག་མཁན་ཁེ་ལས་ཀྱི་གྲས་ཤིག་ཡིན་པའི་ཧྲའན་ཤིས་ཧའེ་ལན་ཨའོ་ཞང་མཁའ་འགྲུལ་ཚད་ཡོད་ཀུང་སི་ནི་ནུབ་བྱང་བཟོ་ལས་སློབ་ཆེན་གྱིས་སྣེ་ཁྲིད་ནས་བཙུགས་པའི་རྒྱལ་ནང་གི་ས་མཐོའི་མི་མེད་གནམ་གྲུའི་ཐོན་ལས་ཅན་གྱི་ཀུང་སི་ཐོག་མ་དེ་རེད། 2019ལོའི་ལོ་མཇུག་ཏུ་བཙུགས་ནས་ཐོ་འགོད་བྱས་པ་དང་2020ལོའི་ཟླ་7པར་བོད་ལྗོངས་མངའ་རིས་ས་ཁུལ་དུ་བཅའ་སྡོད་བྱས་ནས་ས་མཐོའི་མི་མེད་གནམ་གྲུའི་ཐོན་ལས་བོད་དུ་གཞི་ཚུགས་པར་སྐུལ་འདེད་བཏང་ཡོད། ལོ་4ལྷག་ཙམ་རིང་། རང་སྐྱོང་ལྗོངས་སྲིད་གཞུང་དང་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱབ་སྐྱོར་ཤུགས་ཆེན་འོག་ཧའེ་ལན་ས་མཐོའི་མི་མེད་གནམ་གྲུའི་ཐོན་ལས་མངའ་རིས་ས་ཁུལ་དུ་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་ཕྱིན་ནས་བོད་ཀྱི་ནུབ་རྒྱུད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་མི་མེད་གནམ་གྲུའི་སྒྲིག་ཆས་དང་ཞབས་ཞུ་འགན་སྲུང་བྱས་ཡོད། “ད་ཐེངས་གན་རྒྱ་བཞག་པའི་ཉིང་ཁྲིའི་ས་མཐོའི་མི་མེད་གནམ་གྲུའི་ཐོན་ལས་རྣམ་གྲངས་ནི་ཀུང་སིས་བོད་དུ་བཙུགས་པའི་ཐོན་ལས་རྟེན་གཞི་གཉིས་པ་དེ་རེད། གཙོ་བོ་བོད་ཤར་རྒྱུད་ས་ཁོངས་ཀྱི་ཚོང་ཤག་ལ་ཞབས་འདེགས་ཞུ་བཞིན་ཡོད”ཅེས་ཧྲའན་ཤིས་ཧའེ་ལན་ཨའོ་ཞང་མཁའ་འགྲུལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་ཀྲོའུ་ཝེས་བརྗོད་པ་དང་། ཁོང་གིས“ཤར་ནུབ་ཀྱི་ཐོན་ལས་ཅན་གྱི་རྟེན་གཞི་གཉིས་བསྐྲུན་པ་ལས་བོད་ཡོངས་ཀྱི་དམའ་འཕུར་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་རྒྱུ་མ་ཟད། ས་གནས་སྲིད་གཞུང་དང་དམངས་འཚོ་ལེགས་གཏོང་ལ་དམའ་འཕུར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་རྒྱུ་རེད། སླད་ཕྱིན། ཀུང་སིས་ད་དུང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྔར་བས་སྐུལ་འདེད་བཏང་ནས་ཚན་ཞིབ་གྲུབ་འབྲས་གསར་ཤོས་ས་མཐོར་ཁྱབ་སྤེལ་བཏང་སྟེ་མཐའ་སྲུང་མཐའ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་ཞབས་འདེགས་ཞུ་རྒྱུ་མ་ཟད། མཐའ་མཚམས་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་བརྗོད།
ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུར་ཤིས་ཨན་གྱི་ཁེ་ལས་བརྒྱ་ལྷག་ཙམ་འཛོམས་པ་མ་ཟད། རང་ལྗོངས་ཀྱི་ཁེ་ལས་གྲགས་ཅན་30ལྷག་ཙམ་ལ་ཐོན་རྫས་འགྲེམས་སྟོན་དང་བྲིན་ཚོང་གི་ལས་སྟེགས་བཏོད་ཡོད། “ད་ཐེངས་ཀྱི་བྱེད་སྒོས་ཁེ་ལས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་སའི་ལས་སྟེགས་ཤིག་བསྐྲུན་པ་མ་ཟད། ཁེ་ལས་དབར་མཉམ་ལས་དང་ངོ་འཕྲད་གྲོས་མོལ་ལ་གོ་སྐབས་བཟང་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད”ཅེས་བོད་ལྗོངས་ཁྲུན་ཀོང་བཟའ་བཅའ་ཚད་ཡོད་ཀུང་སིའི་བྲིན་ཚོང་ཅིང་ལི་ཅང་ཨན་གྱིས་བརྗོད།
ཁེ་ལས་ཀྱིས་བོད་ལྗོངས་སྔར་བས་རྒྱུས་མངའ་ལོན་པ་དང་ཁེ་ལས་ལ་ཚོང་ལས་ཀྱི་གོ་སྐབས་འཚོལ་རོགས་བྱ་ཆེད། བྱེད་སྒོ་སྤེལ་ཉིན་བོད་རང་སྐྱོང་ལྗོངས་ཀྱི་མ་འཇོག་རྣམ་གྲངས་ཁྱབ་གདལ་ངོ་འཕྲད་གྲོས་མོལ་འདུ་ཚོགས་འཚོགས་ཏེ། རང་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)7གྱིས་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་གྲོང་གསེབ་དར་རྒྱས་དང་། བསམ་གྲུབ་རྩེ་ཆུས་ཀྱི་ལྕགས་འདམ་ཐོན་ལས་གླིང་གི་མཁའ་འགྲུལ་ཟོག་འགྲེམས་སོགས་ཀྱི་རྣམ་གྲངས་འོས་སྦྱོར་བྱས་པ་དང་འབྲེལ་བོད་དུ་མ་འཇོག་བྱེད་འདོད་ཡོད་མཁན་ཁེ་ལས་དང་ས་གནས་ས་ཐོག་ཏུ་མ་འཇོག་ཐད་ངོ་འཕྲད་གྲོས་མོལ་བྱས་ཡོད།