དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དིང་རི་རྫོང་ཆུ་སྟེང་ཤང་མཐོང་སྨོན་གྲོང་ཚོ།

    བདེ་སྐྱིད་འཚོ་བའི་ཐབས་ལམ་ཡངས། ཕུགས་འདུན་བཟང་པོ་མངོན་དུ་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-28

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཆུ་སྟེང་ཤང་མཐོང་སྨོན་གྲོང་ཚོར་སྐྱོད་སྐབས། གྲོང་ཚོ་ཡོངས་ཀྱི་དུད་ཚང་99ཡི་གྲོང་མི་རྣམས་ཀྱི་འཛུམ་མདངས་རྒྱས་པའི་འདྲ་པར་ལས་གྲུབ་པའི“འཛུམ་ཞལ་གྱང”དེར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་། ཏང་གི་ཉི་འོད་འོག་མཐོང་སྨོན་གྲོང་ཚོས་དབུལ་པོ་དབུལ་ནག་བསལ་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་བསམ་པའི་ཉམས་འགྱུར་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་ནས་གྲོང་གསེབ་དར་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད།

    རྒན་མོ་པ་སངས་ཀྱི་བསམ་འདུན།

    “ནད་གཞི་ཕོག་ན་སྨན་བཅོས་ཐུབ་པ་དང་རྒས་དུས་འགན་ལེན་ཡོད་པ་ལ་སོགས”ལོ་65རིང་གི་འགྱུར་ལྡོག་སྐོར་གླེང་སྐབས། རྒན་མོ་པ་སངས་ཀྱིས“ད་ཆ་འཚོ་བ་ཧ་ཅང་ཡག་ཏུ་ཕྱིན་པས། རྩམ་པ་བཟས་ནའང་སྔོན་ཆད་ལྟར་བྲོ་བ་ཞིམ་པོ་མེད་པའི་སྣང་བ་ཞིག་ཡོང་གི་འདུག”ཅེས་འཛུམ་དམུལ་དམུལ་ངང་བརྗོད།

    པ་སངས་འདི་ལོ་ལོ་80ལ་སླེབས་པ་དང་མཐོང་སྨོན་གྲོང་ཚོའི་ལོ་ན་མཐོ་བའི་རྒན་རྒོན་གྱི་གྲས་ཤིག་ཡིན། སྤྱི་ཚོགས་རྙིང་པར་མངའ་བདག་གི“ནང་ཟན”(བྲན་གཡོག་ཟེར)ཡིན་པ་དང་། ཐོན་སྐྱེད་དང་། འཚོ་བའི་རྒྱུ་ཆ། མི་ལུས་ཀྱི་དབང་ཆ་བཅས་གང་ཡང་མེད་པས“སྐད་ཆ་ཤོད་ཤེས་པའི་རྟ་ཟོག་སེམས་ཅན”ལྟ་བུ་རེད་ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་གྲོང་ཚོའི་ཁྱིམ་ཚང་ཚང་མར་ཁང་པ་དང་། ས་ཆ། ནོར་ལུག་བཅས་བགོ་བཤའ་རག་སྟབས། ཕ་རབས་ཚོའི་སྐད་གསང་མཐོན་པོའི་དགའ་འབོད་དང་ཕན་ཚུན་འཐམས་ནས་ངུ་འབོད་བྱེད་པའི་རྣམ་པ་དེ་ཁོང་གི་སེམས་ལ་ད་ལྟའང་གསལ་པོར་དྲན་གྱི་ཡོད།

    ད་ཆ་རྒན་མོ་པ་སངས་ཀྱི་ཁྱིམ་ལ་བུ་ཕྲུག་དང་ཚ་བོ་ཚ་མོས་ཁེངས་ཤིང་། ཉིན་ལྟར་སྒོ་རའི་ནང་ཉི་མ་བསྲོ་བ་དང་ནུས་པས་ལྕོགས་ཚོད་ཀྱིས་ཁྱིམ་ལས་བྱས་ཏེ་ནང་མི་མཉམ་འཛོམས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད།

    སྔར་སོང་གི་ལོ་ཟླ་ཡུན་རིང་སོང་ཡང་སྐྱོ་སྣང་དང་དཀའ་སྡུག་གིས་ཁེངས་པའི་འཚོ་བ་གསལ་པོར་དྲན་གྱི་ཡོད། “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དེ་ལྟ་བུ་མེད་ན་ང་ཚོ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་འདྲ་ཞིག་སྐྱེལ་བའི་བསྐལ་བ་ག་ནས་ཡོང”ཞེས་རྒན་མོ་པ་སངས་ཀྱིས་ཏང་གི་བཀའ་དྲིན་ཚོར་བཞིན་བརྩེ་སེམས་ཟབ་མོས་བརྗོད།

    རྒན་མོ་ཁོང་དེ་བས་དགའ་ཚོར་ཆེན་པོ་བྱེད་དོན་ནི་ཚ་བོ་རྡོ་རྗེ་དགྲ་འདུལ་ན་ནིང་བོད་ལྗོངས་སློབ་ཆེན་ཐོན་རྗེས་བཀྲ་ཤིས་འཛོམས་ཤང་གི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པར་རྒྱུགས་འཕྲོད་ནས་ལས་ཀ་བརྟན་པོ་ཞིག་རག་པ་དེ་རེད།

    “ད་ཆ་འཚོ་བ་སྐྱིད་པོ་འདི་འདྲ་ཞིག་སྐྱེལ་རྒྱུ་ཡོང་བསམ་པ་སྔོན་ཆད་བསམ་བློར་ཡང་འཁོར་མྱོང་མེད། ངའི་ཚེ་འདིར་བློ་ཕམ་གང་ཡང་མི་འདུག”ཅེས་བརྗོད་པ་དང་། “ངའི་ད་ལྟའི་བསམ་འདུན་ཆེ་ཤོས་ནི་བུ་ཕྲུག་ཚོ་བདེ་ཐང་དང་བདེ་འཇགས་ཡོང་བ་དང་། ཚ་བོ་རྡོ་རྗེ་དགྲ་འདུལ་ལ་ལས་ཀའི་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་ནས་སྤྱི་ཚོགས་ལ་ལེགས་སྐྱེས་མང་ཙམ་འབུལ་ཐུབ་ན་བསམ་པ་དེ་ཡིན”ཞེས་ཁོང་གིས་བརྗོད།

    གྲོང་ཚོའི་ལས་བྱེད་པ་བཀྲ་ཤིས་ཀྱི་འགྱུར་ལྡོག

    1975ལོར་སྐྱེས་པའི་བཀྲ་ཤིས་ཧ་གཉིད་གོ་བ་ནས་བཟུང་ནང་མི་ཡོངས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་ཆེད་འབད་བརྩོན་ཆེན་པོས་ལས་ལ་གཞོལ་བཞིན་ཡོད།

    སྐབས་དེར་མཐོང་སྨོན་གྲོང་ཚོར་ཞིང་ནང་ཆུ་བེད་སྒྲིག་ཆས་དཀོན་པ་དང་། “ཐན་པ་བསྟན་སྐབས་ཆུ་དཀོན་པ་དང་ཆར་དུས་སུ་ཞོད་སྐྱོན་ཐོན་མང་བའི”ཤུགས་རྐྱེན་ཕོག་པ་མ་ཟད། ཕྱུགས་རིགས་གསོ་ཚགས་ཀྱི་གཞི་ཁྱོན་ཆུང་བས་ད་བར་ཞིང་འབྲོག་ལས་རང་མཁོ་རང་གསོས་ཙམ་ལས་མེད།

    1987ལོར་གྲོང་ཚོས་གྲོང་མི་སྒྲིག་འཛུགས་བྱས་ཏེ་ཆུ་ཡུར་བསྐྲུན་པ་དང་། བཀྲ་ཤིས་ཀྱི་པཱ་ལགས་ཀྱིས་མ་སྐུལ་དང་བླངས་ངང་ས་རྡོ་དབོར་མཁན་རུ་ཁག་ནང་ཞུགས་པ་དང་། རྟག་ཏུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་པས་ལུས་སེམས་ངལ་དུབ་ཀྱིས་མནར་བར་བཀྲ་ཤིས་ཀྱིས་མི་འདོད་པའི་རྣམ་འགྱུར་སྟོན་སྐབས“དེ་ནི་རང་ཉིད་ཀྱི་ཆེད་དུ་ཡིན་ལ་དེ་བས་ཀྱང་ཚང་མའི་ཆེད་དུ་རེད”ཅེས་པཱ་ལགས་ཀྱིས་ལན་དེ་ལྟར་བཏབ།

    ཕྱིས་སུ་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་ཤིང་། མཐོང་སྨོན་གྲོང་ཚོར་ཆུ་ལོག་འགོག་རགས་བསྐྲུན་པས་ཐན་ཞོད་ཀྱི་གནད་དོན་ཞི་ལྷོད་དུ་སོང་བ་དང་། སོན་བཟང་ནང་འདྲེན་བྱས་པས་ནས་ཀྱི་ཐོན་འབབ་དང་ཡོང་འབབ་མང་དུ་ཕྱིན་པ། སྔ་རྗེས་སུ་སྟབས་བདེའི་ལམ་བཟོས་པ་དང་གཞུང་ལམ་ཤར་གཏོང་ཐུབ་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཐག་ཇེ་ཉེར་ཕྱིན་པ་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། མི་ཤུགས་ལ་བཅིངས་འགྲོལ་ཐོབ་པ་མ་ཟད། ཕྱིར་གླ་པར་སྐྱོད་པ་དེ་ཡང་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད།

    པཱ་ལགས་ཀྱི་ཤུགས་རྐྱེན་འོག་ཁོང་གིས་བློ་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་བའི་བསམ་འདུན་དོར་ནས་གྲོང་ཚོའི་ལས་བྱེད་པ་ཞིག་བྱས་ཏེ་ཕ་ཡུལ་འཕེལ་རྒྱས་གཏོང་བའི་ལས་ལ་གཞོལ་རྒྱུའི་གདམ་ག་བྱས།

    2021ལོར་གྲོང་མི་ཚོས་བཀྲ་ཤིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་འོས་འདེམས་བྱས་པ་རེད། དུས་ཐུང་ལོ་ཤས་ནང་ཁོང་གིས་གྲོང་ཚོའི་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གཞན་དག་དང་མཉམ་དུ་འགན་འཁྲི་བསྒྲུབས་ནས་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། དོན་དངོས་ལ་གཞིས་ཚུགས་ནས་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྷག་བསམ་རྣམ་དག་གིས་དོན་དངོས་སྒྲུབ་པ། དམངས་ཀྱི་སེམས་ཁྲལ་སེལ་བ། མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བཅས་བྱས་ནས་མཐོང་སྨོན་གྲོང་ཚོ་དེ་ཤང་ཡོངས་ཀྱི་“སྔོན་ཐོན་གྲོང་ཚོ”ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    ཕ་ཡུལ་གྱི་རྣམ་པ་ཇེ་ལེགས་སུ་སོང་བ་དང་། མང་ཚོགས་ཀྱི་ཡོང་འབབ་ཆེས་ཆེར་འཕར་བ། ནང་ངོས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་བཅས་མཐོང་སྐབས། བཀྲ་ཤིས་ཀྱིས་པཱ་ལགས་ནས་སྔོན་ཆད་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་དང་། རང་ཉིད་ཏང་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་སོགས་ཀྱི་དོན་སྙིང་གསལ་པོར་ཤེས།

    སློབ་གྲྭ་ཆེ་མོ་བ་ལྷ་མོའི་གདམ་ག

    ན་ནིང་ཟླ་9པར་མཐོང་སྨོན་གྲོང་ཚོའི“00ནང་སྐྱེས”ཀྱི་སློབ་གྲྭ་ཆེ་མོ་བ་ལྷ་མོས་གསོག་དངུལ་ཁྱེར་ནས་གྲོང་ཚོར་ལོག་སྟེ་ཇ་ཁང་འཛུགས་རྒྱུའི་བློ་ཐག་བཅད།

    “དང་ཐོག་ཁྱིམ་མི་ཚོས་མོས་མཐུན་མི་བྱེད་པར་ང་ལ་ལས་ཀ་བརྟན་པོ་ཞིག་འཚོལ་དུ་འཇུག་འདོད་འདུག འོན་ཀྱང་ང་རང་ནར་སོན་པས་ངའི་མི་ཚེའི་འགྲོ་སྟངས་རང་ཉིད་ཀྱིས་ཐག་གཅོད་བྱས་ན་འགྲིག”ཅེས་ལྷ་མོས་ཐད་ཀར་བརྗོད།

    “ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པས་མི་མི་ཉུང་བ་ཞིག་ཕ་ཡུལ་དུ་ལོག་ནས་བྱ་གཞག་སྒྲུབ་འདོད་ཡོད། ལྷག་པར་དུ་ཞིང་བྲེལ་དང་བོད་ཀྱི་ལོ་གསར་སོགས་ཀྱི་སྐབས་ཚོང་ཡག་པོ་ཡོད་པས་ཡུན་རིང་པོར་བང་སྒྲིག་དགོས་ཀྱི་འདུག” དེ་སྔོན་ངས་ཇ་ཁང་དུ་གླ་པ་བརྒྱུགས་མྱོང་བས། གྲོང་ཚོར་ལོག་ནས་ལས་གཏོད་བྱེད་བསམ་པའི་ཚུལ་བྱུང་། “དེ་ལྟར་བྱས་ན་ཡོང་འབབ་གསོག་ཐུབ་ལ་ཁྱིམ་ལ་ལྟ་རྟོག་ཀྱང་ཐུབ”ཅེས་ལྷ་མོས་བཤད།

    འཁྱུག་ཙམ་རིང་ལོ་ཕྱེད་ཙམ་སོང་བ་དང་། ལྷ་མོའི་ཇ་ཁང་གི་ཚོང་ཇེ་ཡག་ཏུ་སོང་ནས་ཟླ་རེའི་ཡོང་འབབ་སྒོར་ཁྲི་1.5ཟིན་གྱི་ཡོད། དེར་བརྟེན་ཁོང་གི་གདེང་ཚོད་ཆེ་རུ་ཕྱིན་པ་དང་འབྲེལ“ངས་ད་ལོ་ཁ་ལོ་བའི་ལག་ཁྱེར་གྱི་ཡིག་ཚད་གཏོང་རྒྱུ་མ་ཟད། གཡོས་སྦྱོར་གྱི་གསོ་སྦྱོང་འཛིན་གྲྭར་བཞུགས་ནས་གཡོས་སྦྱོར་ལག་རྩལ་ལེགས་སུ་བཏང་སྟེ་ཇ་ཁང་སྔར་བས་ཡག་པོ་གཉེར་གྱི་ཡིན”ཞེས་པའི་བསམ་ཚུལ་གསར་པ་ཞིག་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།