དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྐབས་འཕྲལ་གླ་པའི་ཁྲོམ་ར་ཚད་ལྡན་དུ་བཏང་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་ལས་སྟེགས་བསྐྲུན་པ།

    སྐབས་འཕྲལ་གླ་པའི་ས་ཚིགས་བསྐྲུན་ནས་སྟབས་བསྟུན་ལས་ཞུགས་ལ་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-28

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་གྲོང་ཁུལ་གྱི་སྐབས་འཕྲལ་གླ་པ་འདུ་འཛོམས་ས་ཚིགས་མང་པོར་ཆེད་དོན་བཅོས་སྒྲིག་བྱས་པ་དང་འབྲེལ། ལྷ་སའི་སྐབས་འཕྲལ་གླ་པའི་ཁྲོམ་རའི་རྨང་གཞིའི་ཐོག་ཁྲེང་ཀོན་ཆུས་སྐབས་འཕྲལ་གླ་པའི་ས་ཚིགས་ཀྱང་བཙུགས་པ་རེད། སྐབས་འཕྲལ་གྱི་ངལ་ནུས་དང་དུས་ཐུང་ནང་ལས་མི་སྤྱོད་པའི་དགོས་མཁོ་བསྡུ་འགྲེམས་ཁུལ་ཡིན་པའི་གླ་པའི་ཁྲོམ་ར་དང་སྐབས་འཕྲལ་གླ་པའི་ས་ཚིགས་ཚད་ལྡན་དུ་གཏོང་རྒྱུ་དེ། མཁོ་སྤྲོད་སྙོམ་སྒྲིག་དང་ལས་ཞུགས་ཤོང་ཚད་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།

    ཉིན་ཤས་གོང་། གསར་འགོད་པར་ལྷ་ཀླུ་ཟམ་པའི་བྱང་རྒྱུད་ཀྱི་སྨི་20ཡི་ཤར་ཕྱོགས་སུ་ཡོད་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐབས་འཕྲལ་གླ་པའི་ས་ཚིགས་སུ་འབྱོར་སྐབས། དེ་གར་ཐོ་འགོད་བཞིན་པའི་ལས་ཀ་འཚོལ་མཁན་མང་པོ་ཡོད་པ་མ་ཟད། ཐོ་འགོད་དང་བློ་འདྲི་ཚར་རྗེས་གླ་པ་ལ་ལ་འཕྲལ་མར་ལས་མི་སྤྱོད་མཁན་དང་མཉམ་དུ་ལས་ཡུལ་དངོས་སུ་འགྲོ་བའང་མཐོང་བྱུང་།

    གསར་འགོད་པས་གསར་དུ་བཙུགས་པའི་སྐབས་འཕྲལ་གླ་པའི་ས་ཚིགས་ཀྱིས་སྐབས་འཕྲལ་གླ་པར་བསྡུ་བའི་ཆ་འཕྲིན་དང་ལས་གནས་དུས་ཐོག་ཏུ་འོས་སྦྱོར་དང་ཡོངས་བསྒྲགས་བྱེད་པ་མ་ཟད། ད་དུང་རྒྱ་ཆེའི་སྐབས་འཕྲལ་གླ་པའི་ཚོགས་སྤྱིར་གསང་སྤྱོད་དང་། རིན་མེད་ཅ་དངོས་འཇོག་ཡུལ། རིན་མེད་འཐུང་ཆུ་སོགས་མཁོ་འདོན་བྱས་ཏེ་སྐབས་འཕྲལ་གླ་པའི་དགོས་མཁོ་སྐོང་གང་ཐུབ་བྱེད་པ་མཐོང་བྱུང་།

    གསར་འགོད་པས་དེ་གར་ལས་ཀ་འཚོལ་བར་ཡོང་མཁན་མང་ཆེ་བ་ནི་ལོ་30ནས་55བར་གྱི་ཞིང་འབྲོག་པ་ཡིན་ཞིང་། ཁོང་ཚོས་ཉེ་འགྲམ་ནས་ལས་ཀ་ཞིག་བཙལ་ནས་ཁོམ་པ་ཡོད་དུས་ཡོང་འབབ་མང་དུ་གཏོང་འདོད་བྱེད་ཀྱི་ཡོད། མི་མང་པོ་ཞིག་གིས་ས་གནས་ས་ཐོག་ཏུ་ད་ཡོད་ཀྱི་ལས་རིགས་ལ་རྒྱུས་མངའ་ཞིབ་ཕྲ་ལོན་ཐབས་བྱེད་ཀྱི་ཡོད་ལ། ལས་དོན་པས་སེམས་རྩ་འཁོལ་པོས་ཁོང་ཚོར《ལས་ཀ་འཚོལ་མཁན་གྱི་ཐོ་འགོད་རེའུ་མིག》འབྲི་རྒྱུར་མཛུབ་ཁྲིད་ཀྱང་བྱེད་བཞིན་པ་མཐོང་བྱུང་།

    “སྐབས་འཕྲལ་གླ་པའི་ས་ཚིགས་སུ་ལས་མི་བསྡུ་བའི་ཁེ་ལས་དང་མི་སྒེར་ཧ་ཅང་མང་པོ་འདུག་ལ། ལས་མི་བསྡུ་བའི་ཆ་འཕྲིན་ཡང་ཆ་ཚང་པོ་འདུག ལས་དོན་པས་ང་ཚོར་འདི་གར་ཡུན་རིང་གི་ལས་ཀ་བཙལ་ཆོག་པ་མ་ཟད། གན་རྒྱ་ཡང་བཞག་ཆོག་ཅེས་བརྗོད་བྱུང་། ངའི་ངོས་ནས་བརྗོད་ན་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ལས་ཀ་འཚོལ་བཞིན་པའི་ཆུང་བདག་གིས་གསར་འགོད་པར་དེ་ལྟར་བཤད།

    གསར་འགོད་པས་ཁྲེང་ཀོན་ཆུས་སྐབས་འཕྲལ་གླ་པའི་ས་ཚིགས་ནས་ཤེས་རྟོགས་བྱུང་བར། དྲ་ཕྱིའི་ཞབས་ཞུ་མཁོ་འདོན་བྱེད་པ་ཕུད། ས་ཚིགས་དེས་ད་དུང་ཁྲེང་ཀོན་ཆུས་ཀྱི་ལས་ཞུགས་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ལས་སྟེགས་ཀྱི་བྱ་རིམ་ཆུང་གྲས་དང་སྤྱི་སྟེགས་སོགས་ཀྱི་ནུས་པ་བཏོན་ཏེ་སྟབས་བསྟུན་ལས་ཞུགས་མི་སྣ་དང་། ལས་མི་སྤྱོད་མཁན་གྱི་ཚན་པ། མི་སྒེར་བཅས་ཀྱིས་ཆ་འཕྲིན་ཐོ་འགོད་དང་ལྟ་བཤེར་བྱེད་པར་སྟབས་བདེ་བསྐྲུན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཁྲེང་ཀོན་ཆུས་སྐབས་འཕྲལ་གླ་པའི་ས་ཚིགས་སུ་ཐོ་འགོད་བྱས་པའི་ཁེ་ལས་240ཟིན་ཞིང་། རིམ་རྩིས་བྱས་ན་ལས་ཞུགས་ལས་གནས་2616ཡོངས་བསྒྲགས་བྱས་ཏེ་སྟབས་བསྟུན་ལས་ཞུགས་ཚོགས་སྤྱིའི་ལས་ཞུགས་ཀྱི་གནོན་ཤུགས་སྔར་བས་ཆུང་དུ་ཕྱིན་ཡོད།

    ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་སྐབས་འཕྲལ་གླ་པའི་ཁྲོམ་ར་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ཅན་དང་རིམ་པ་མང་བའི་སྐབས་འཕྲལ་གླ་པའི་ཁྲོམ་ར་ནུས་ཤུགས་ཡོད་རྒུས་བཏོད་དེ་ལས་མི་སྤྱོད་མཁན་ཚན་པ་དང་གླ་པར་སྟབས་བདེ་ལ་མྱུར་བ་དང་ཞིབ་ཚགས་ཀྱི་ཞབས་ཞུ་སྔར་བས་མཁོ་འདོན་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།