དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒས་དུས་འཚོ་རྟེན་ཡོད་པ་དང་། ལས་ཀ་བྱེད་རྒྱུ་ཡོད་པ། སྡོད་སའི་ཁང་པ་ཡོད་པ་སོགས་བྱ་བ་དངོས་ཚང་མ་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་པ།

    བདེ་སྐྱིད་འཚོ་བའི་བཀྲག་མདངས་རབ་ཏུ་འཚེར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-28

    བདེ་སྐྱིད་ལྡན་པའི་གྲོང་ཁྱེར་ཞིག་ལ་ངེས་པར་དུ་མངོན་གསལ་དོད་པའི་དམངས་འཚོའི་བཀྲག་མདངས་འཚེར་བར་བྱེད་དགོས།

    སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ལས་ཞུགས་ལམ་ལུགས་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་གྲོང་མིའི་སྡོད་ཁང་གི་ཁོར་ཡུག་ལེགས་སུ་གཏོང་བ་སོགས“སློབ་གསོ”དང“ལས་ཞུགས”“སྡོད་ཁང”བཅས་ཐ་སྙད་ཚང་མའི་རྒྱབ་ལ“དམངས་འཚོ”ཞེས་པའི་ཐ་སྙད་དེ་འདུས་ཡོད། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་ཉིན་རེ་བཞིན་ཆེ་རུ་འགྲོ་བར་དམིགས་ནས་རང་ལྗོངས་ཀྱིས་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་དམངས་འཚོའི་གཏོང་སྒོ་རེ་རེ་བཞིན་བསྟུད་མར་དོན་འཁྱོལ་བྱས་པ་དེ་ཐོག་ནས་མི་དམངས་ལྟེ་བར་འཛིན་པའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཕེལ་རྒྱས་ཀྱི་དགོངས་པ་དང་སྲིད་སྐྱོང་གི་འདུ་ཤེས་མངོན་ཡོད།

    རྒས་དུས་འཚོ་རྟེན་ཡོད་པ།

    “འགན་ལེན་ཡོད་པ”ནས“དེ་བས་འཐུས་སྒོ་ཚང་དུ་གཏོང་བའི”བར།

    “ཕན་བདེ་ཁང་གིས་ང་ཚོར་ཁྱིམ་ཆས་དང་འཚོ་བའི་མཁོ་ཆས་ཚང་མ་སྒྲིག་སྦྱོར་བྱས་ཡོད་ལ་ཟ་ཁང་དང་གྱོན་ཆས་བཀྲུ་མཁན་ཡང་ཡོད་པ་མ་ཟད། ལས་དོན་མི་སྣས་འཚོ་བ་རང་རྐྱ་མ་འཕེར་བའི་རྒན་རྒོན་ལ་ཆེད་མངགས་ལྟ་རྟོག་བྱེད་པ་དང་། སྨན་དོན་མི་སྣས་ང་ཚོར་སྨན་བཅོས་བྱེད་པ་དང་སྨན་སྐྱེལ་བ་སོགས་འདི་གར་རིན་པ་མི་དགོས་པར་གཅིག་སྡུད་བསྙེན་བཀུར་བྱེད་ཀྱི་འདུག་པས་ངའི་ཚེ་མཇུག་གི་འཚོ་བ་བདེ་ཞིང་སྐྱིད་པ་འདི་འདྲ་ཡོང་གི་རེད་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་གནམ་གང་གིས་བཤད། གནམ་གང་འདི་ལོ་ལོ་79སླེབས་པ་དང་ཁོང་ལ་བུ་གཉིས་ཡོད་རུང་གཉིས་ཀ་ཚེ་ལས་འདས། སྡེ་ཁུལ་གྱིས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཁོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་དུ་བསུས་པ་རེད།

    “ཕན་བདེ་ཁང་དུ་གནམ་གང་དང་འདྲ་བའི་རྒན་རྒོན་མང་པོ་ཡོད”ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་གི་ཡོན་ཀྲང་གཞོན་པ་བཀྲ་ཤིས་རབ་བརྟན་གྱིས་གསར་འགོད་པར་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་སྲིད་ཇུས་ལ་བརྟེན་ནས་སྡེ་ཁུལ་ཁག་གི་ལས་དོན་མི་སྣས་ཁོངས་གཏོགས་ཁུལ་གྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་དམངས་སྲིད་སྡེ་ཚན་ལ་མི་ཧྲེང་རྒན་རྒོན་དང་། རང་རྐྱ་མ་འཕེར་བ། ཡོང་འབབ་འགན་ལེན་མེད་པ་སོགས་ཀྱི་རྒན་རྒོན་གྱི་གནས་ཚུལ་སྙན་སེང་ཞུས་ནས་གྲོས་བསྡུར་བྱས་རྗེས། ཁོངས་གཏོགས་ཁུལ་གྱི་ཕན་བདེ་ཁང་ཁག་གིས་གཅིག་གྱུར་ཐོག་བསྡུས་ནས་རྒན་རྒོན་རྣམས་ཚེ་མཇུག་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱས་ཡོད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་ལས་དོན་དངོས་ལ་དམིགས་ཏེ་ཁྱིམ་ཚང་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལག་བསྟར་ཇུས་གཞི་དང་། སྡེ་ཁུལ་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་གཉེར་སྐྱོང་དང་དོ་དམ་བྱེད་ཐབས། གྲོང་གསེབ་ཀྱི་བདེ་སྡོད་ཁང་འཛུགས་སྐྲུན་དོ་དམ་གྱི་མཛུབ་ཁྲིད་བསམ་འཆར་སོགས་སྲིད་ཇུས་དང་ཡིག་ཆ་བཏོན་ནས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་80བསྐྲུན་ནས“བསྡུ་དགོས་རིགས་ཚང་མ་བསྡུ་བ་དང་བསྙེན་བཀུར་བྱེད་དགོས་རིགས་ཚང་མ་གསོ་སྐྱོང་གང་ཐུབ”བྱས་ཡོད།

    2023ལོའི་ལོ་མཇུག་བར་ལྟ་སྐྱོང་ཁང་དུ་ཡོང་འདོད་ཡོད་པའི་དཀའ་ངལ་ཡོད་པའི་རྒན་རྒོན་6200གཅིག་སྡུད་བསྙེན་བཀུར་བྱས་ནས་སྲིད་གཞུང་གི་ཐ་སྐྱོང་དམིགས་བསལ་ཚོགས་སྤྱིའི་རྒན་གསོའི་ཞབས་ཞུ་འགན་ལེན་ནུས་ལྡན་ཐུབ་ཡོད།

    ལས་ཀ་བྱེད་རྒྱུ་ཡོད་པ།

    “ལས་ཞུགས་ཐུབ་པ”ནས“ལས་ཀ་ཡག་པོ་རག་པའི”བར།

    “ང་རང་ཉིད་ཀྱིས་ལག་རྩལ་སྣ་གཅིག་ཤེས་པས་ཧ་ཅང་དགའ་པོ་བྱུང་། ཤུགས་ལས་ཁོ་ན་བྱེད་མི་དགོས་པར་ཡོང་འབབ་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་དབུལ་སྒྲོལ་ཐུབ་སོང་བས་འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས་སོང” ཟ་ཁང་གི་ཞབས་ཞུ་བ་ཞིག་ཡིན་པའི་ལྷ་མོ་སློབ་ཡོན་སྤྲོད་མི་དགོས་པར་གཡོས་སྦྱོར་གསོ་སྦྱོང་ལ་ཞུགས་པ་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཁོང་ལ་མ་བྱན་གྱི་དམའ་རིམ་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་རག་པ་མ་ཟད། ད་དུང་ཕུལ་བྱུང་སློབ་མར་ཡང་བདམས་ཡོད། གསོ་སྦྱོང་མཇུག་འགྲིལ་རྗེས་ལྷ་མོས་ཕ་ཡུལ་དུ་བོད་ཟས་ཟ་ཁང་ཞིག་བཙུགས་པ་དང་ཟླ་རེའི་ཡོང་འབབ་སྒོར་9000ཡན་ཟིན་གྱི་ཡོད།

    ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་ལས་ཞུགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་དང་སྔོན་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་རིགས་གསོ་སྦྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་དང་གནད་སྨིན་ཐུབ་ཚད་མཐོ་རུ་བཏང་ཡོད། ཞིང་འབྲོག་པའི་གསོ་སྦྱོང་དང་ལས་ཞུགས་ཀྱི་འདོད་པར་བརྩི་འཇོག་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་མིང་ངོ་མ་འགོད་པའི་མ་ལག་ལ་བརྟེན་ནས། མང་ཚོགས་ཀྱི་དགོས་མཁོ་མཐིལ་རྟོགས་དང་། ལས་རིགས་གསོ་སྦྱོང་བྱ་ཡུལ་གྱི་ཁྱབ་ཁོངས་མུ་མཐུད་རྒྱ་ཆེར་གཏོང་བ། རྩལ་ནུས་གསོ་སྦྱོང་གནད་སྨིན་བཅས་བྱས་པས་ལག་རྩལ་སྣེ་གཅིག་སྦྱོང་བ་དང་ལས་ཀ་བརྟན་པོ་ཞིག་འཚོལ་བའི་མང་ཚོགས་ཀྱི་དགོས་མཁོ་ནུས་ལྡན་བསྐངས་ཡོད།

    2021ལོ་ནས་ད་བར། ལྗོངས་ཡོངས་སུ་མི་ཐེངས་ཁྲི་35.73ལ་ཁ་གསབ་རང་བཞིན་གྱི་རྩལ་ནུས་གསོ་སྦྱོང་སྣ་ཚོགས་བྱས་པ་དང་། གསོ་སྦྱོང་བྱས་རྗེས་མི་ཁྲི་14.3ཙམ་ལས་ཞུགས་ཐུབ་ནས། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    སྡོད་སའི་ཁང་པ་ཡོད་པ།

    “སྡོད་སའི་ཁང་པ་ཡོད་པ”ནས“སྡོད་སའི་ཁང་པ་ཡག་པོ་ཡོད་པའི”བར།

    “ང་ཁུལ་ཆུང་འདིར་འཚོ་བ་བསྐྱལ་ནས་ལོ་མང་པོ་ཕྱིན་སོང་། སྔོན་ཆད་གང་སར་ས་དོང་གིས་ཁེངས་ནས་འགྲོ་ལམ་ཡག་པོ་ཞིག་མེད་ལ། ལམ་སྒྲོན་ཡང་གསལ་པོ་མེད། ད་ཆ་ཁུལ་ཆུང་གི་རྣམ་པ་གསར་རྐྱང་དུ་གྱུར་བས་སྐྱིད་སྣང་དོད་དུ་ཕྱིན་སོང”ཞེས་མཐོ་བརྩོན་མེ་ཏོག་ལྡུམ་རའི་ཁུལ་ཆུང་གི་གྲོང་མི་ཚོས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་གཅིག་རྗེས་གཉིས་མཐུད་ངང་བསྟོད་པའི་མཐེ་བོང་བསྒྲེངས།

    སྡོད་ཁང་གི་གནད་དོན་དེ་ཕྱོགས་གཅིག་ནས་མི་སེར་དང་འབྲེལ་བ་ཡོད་ལ་ཕྱོགས་གཞན་ཞིག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད། 2024ལོར། རང་སྐྱོང་ལྗོངས་ཀྱིས་མུ་མཐུད་གནས་འཕྲོད་ལས་འཚམ་དང་འཚོ་གནས་ཡུལ་སྐོར་ལ་འཚམ་རྒྱུར་དམིགས་ནས། སྡོད་ཁང་འགན་ལེན་གྱི་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་གཏོང་བ་དང་། སྡོད་ཁང་འགན་ལེན་གྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ལྗོངས་ཡོངས་སུ་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ཆ་ཚང་ཁྲི་3.95ལག་བསྟར་དང་། ཁུལ་ཆུང་རྙིང་པ་188སྒྱུར་བཀོད་བྱ་རྒྱུ་རེད།

    དེ་དང་ཆབས་ཅིག་རྫོང་གྲོང་7ལ་དམིགས་བསལ་གཉེར་སྐྱོང་ཆོག་པའི་དབང་ཆའི་དྲོད་གཏོང་ཚོད་ལྟའི་རྣམ་གྲངས་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ། སྲིད་གཞུང་གིས་མ་དངུལ་བཏང་བ་བརྒྱུད་ལྗོངས་ཡོངས་ཀྱི་ས་བབ་སྨི་5000ཡན་གྱི་ཤང་དང་གྲོང་རྡལ་སྲིད་གཞུང་གནས་སའི་ལས་ཁུངས་དང་བྱ་གཞག་ཚན་པའི་གཞུང་ལས་ཁང་དང་། ལས་ཤག དེ་བཞིན་ཞིང་འབྲོག་ཁུལ་གྱི་གྲོང་མིའི་སྡོད་ཁང་བཅས་ལ་དྲོད་གཏོང་བ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ། སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ལས་དོན་ལ་འདེགས་སྐྱོར་བྱ་རྒྱུ་རེད།

    ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་རྒྱུན་ཆད་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་ཐོན་པ་དང་བསྟུན་ཏེ། བོད་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་གདིང་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ལ། གངས་ལྗོངས་ས་མཐོའི་བདེ་སྐྱིད་ཀྱི་རང་མདངས་ཀྱང་སྔར་བས་འཚེར་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།