དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཨ་རི་ཕྱོགས་ཀྱིས་ངེས་པར་དུ་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་སྐྱོན་འཛུགས་བྱེད་མཚམས་འཇོག་དགོས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-27

    ཉེ་ཆར། ཨ་རིའི་རྒྱལ་དོན་ཁང་གིས་2023ལོའི“རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ”ཁྱབ་བསྒྲགས་བྱས་པའི་སྐོར་ལ་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཚེས་23ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་སྙན་ཞུའི་ནང་འཁོད་པའི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ནང་དོན་ཐད་ཆབ་སྲིད་ཀྱི་རྫུན་གཏམ་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་གྱིས་ཁེངས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེར་མི་འདོད་པའི་རྣམ་འགྱུར་དྲག་པོ་སྟོན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་སྐྱོན་འཛུགས་བྱེད་མཚམས་འཇོག་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་དར་རྟགས་འཕྱར་ནས་རང་སྣང་གང་ཤར་གྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་དང་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་མཚམས་འཇོག་དགོས་ཞེས་བརྗོད།

    “ཨ་རི་ཕྱོགས་ཀྱིས་ལོ་ལྟར‘འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ’ཟེར་བ་བཟོས་པའི་ནང་གི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ནང་དོན་ལ་ཆབ་སྲིད་ཀྱི་རྫུན་གཏམ་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་གྱིས་ཁེངས་ཡོད་སྟབས། ཀྲུང་གོ་ཕྱོགས་ཀྱིས་དེར་མི་འདོད་པའི་རྣམ་འགྱུར་དྲག་པོ་སྟོན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན”ཞེས་དབང་ཝུན་པིན་གྱིས་བརྗོད།

    ཁོང་གིས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་གང་འདྲ་ཡིན་མིན་ཐད་ཀྲུང་གོ་མི་དམངས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། “ང་ཚོས་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་བ། འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོ་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས་མ་ལག་བཅས་བསྐྲུན་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ་དང་རྒྱལ་ཁབ་དེ་གའི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་བཏོད་ཡོད། ཨ་རིའི་ཧ་ཧྥུའུ་སློབ་ཆེན་གྱིས་ལོ་བཅུ་ལྷག་ཙམ་བསྟུད་མར་དམངས་འདོད་བརྟག་དཔྱད་བྱས་པ་ལས་མངོན་པར། ཀྲུང་གོའི་མི་སེར་གྱིས་ཀྲུང་གོ་སྲིད་གཞུང་ལ་བློ་ཡིད་ཚིམ་ཚད་90%ལས་བརྒལ་ཡོད”ཅེས་བརྗོད།

    དབང་ཝུན་པིན་གྱིས། ཨ་རི་ཕྱོགས་ཀྱི“འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ”ཟེར་བ་དེར་ཕྱོགས་གཞན་ཞིག་ནས་བལྟས་ཚེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་200ཙམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་སྐྱོན་འཛུགས་དང་མཐོ་བཤད་དམའ་བཤད་བྱས་ཏེ་རང་ཉིད་དེའི་ནང་མ་ཚུད་པར་བྱེད་པ་དེ་ཐོག་ནས་ཨ་རིའི་བཙན་དབང་དང་། དྲག་ཐབས། བཙན་བརྙས་བཅས་ཀྱི་སྒེར་སེམས་ཀྱི་རང་གཤིས་དང་ཁ་བཤད་ལག་བསྟར་གཉིས་མི་མཐུན་པའི་གཡོ་རྫུས་སླར་ཡང་མངོན་ཡོད། གལ་ཏེ་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་དངོས་འབྲེལ་སེམས་ཁུར་བྱེད་ཀྱི་ཡོད་ཚེ་ཨ་རིའི་རྒྱལ་ནང་གི་མེ་མདའི་གཏུམ་སྤྱོད་དང་། དུག་རྫས་གང་སར་ཁྱབ་པ། རིགས་རྒྱུད་ཐ་དད་ལ་མཐོང་ཆུང་། འགྲོ་བ་མིའི་ཐོབ་ཐང་གི་ལ་རྒྱ་རྡོག་རོལ་དུ་གཏོང་བ་སོགས་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་འབྲེལ་ཐག་གཅོད་འོས་འཚམ་བྱེད་དགོས་པ་དང་། ཨ་རིས་ཕྱི་ཕྱོགས་ལ་སྐྱོན་འཛུགས་བྱེད་པ་དང་དེ་བཞིན་གདོང་ཐུག་ས་ཁུལ་ལ་མཚོན་ཆ་མཁོ་འདོན་བྱེད་པ། མེ་ཚ་བའི་སྟེང་ཤིང་ཤག་པ་བརྒྱབ་ནས་བཟོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གོད་ཆག་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་འབྲེལ་རང་སྐྱོན་རང་བརྟག་ཀྱང་བྱེད་དགོས། ཅ་ཧྲའི་མི་སེར་ཁྲི་11ལྷག་ཙམ་ཤི་རྨས་བྱུང་བ་ཨ་རིས་སྣང་མེད་དུ་བཏང་བ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅ་ཧྲར་འཕྲལ་མར་དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཧུར་ཐག་སྤེལ་བར་ཐེངས་བཞི་བསྟུད་མར་ཁྲ་སློག་བྱས་ཡོད། དེ་ནི་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་སྣང་ཆུང་དང་རྡོག་རོལ་གཏོང་བའི་བདེན་དཔང་ཡག་ཤོས་ཤིག་རེད་ཅེས་བརྗོད།

    “ཨ་རིའི་འགྲོ་བ་མིའི་ཐོབ་ཐང་རྫུན་མ་དང་བཙན་དབང་ངོ་མའི་གདོང་རིས་སྔ་ས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྟོགས་ཡོད” དབང་ཝུན་པིན་གྱིས། ཨ་རི་ཕྱོགས་ཀྱིས་སྒྲུབ་དགོས་པ་ནི་རང་སྐྱོན་རང་བརྟག་དང་རང་ཉིད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ“འགྲོ་བ་མིའི་ཐོབ་ཐང་གི་སློབ་དཔོན”ཡིན་མདོག་བྱས་ནས། རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་སྐྱོན་འཛུགས་བྱེད་མཚམས་འཇོག་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་དར་རྟགས་འཕྱར་ཏེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་རང་སྣང་གང་ཤར་གྱིས་ཐེ་ཇུས་བྱེད་པ་དང་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་པ། ཕྱི་ཕྱོགས་སུ་གདོང་ཐུག་ཟིང་སློང་བཅས་བྱེད་མཚམས་འཇོག་དགོས་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།