མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་འདོན་བསྡུར་ཚད་50%ལས་ཐོག་མར་བརྒལ་བ།
གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར། མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་127.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.4%འཕར་ཞིང་། དུས་ཚིགས་དང་པོར་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཀྱིས་གློག་འདོན་ཚད་བསྡོམས་འབོར་གྱི་51.3%བཟུང་ནས་རྒྱལ་ཡོངས་ཀྱི་སྔོན་དུ་ནུས་རྒྱུ་གསར་པའི་གློག་འདོན་བསྡུར་ཚད་50%ལས་བརྒལ་བའི་ཞིང་ཆེན་རིམ་པའི་གློག་དྲར་གྱུར་ཡོད།
མཛེས་ལྗོངས་ལྟ་ན་སྡུག་པའི་མཚོ་སྔོན་ནི་རང་རྒྱལ་གྱི་ནུས་རྒྱུ་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང“ནུབ་གློག་ཤར་སྐྱེལ”བྱེད་མཁན་གལ་ཆེན་གྱི་གྲས་ཤིག་རེད། མིག་སྔར། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་ནུས་ཤུགས་གཅིག་སྒྲིལ་གྱིས་གཏོད་བཞིན་ཡོད་པ་དང་། ནུས་རྒྱུ་གསར་པའི་བསྡུར་ཚད་རིམ་བཞིན་མཐོ་རུ་འགྲོ་བའི་གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་སྐྲུན་པ། གློག་ཁུངས་ཕན་ཚུན་གསབ་རེས་དང་། གློག་དྲ་ཕན་ཚུན་སྦྲེལ་མཐུད། ཐོན་ལས་ཀྱི་ཐེག་ཚད་སྙོམས་སྒྲིག ལྗང་མདོག་ཐཱན་ཉུང་མཉམ་སྤྱོད་སོགས་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་པར་ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་བསུས་ཡོད།
འདི་ལོ་ཚུན་དུ། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་གཞི་ཁྱོན་ཆེ་བའི་ནུས་རྒྱུ་གསར་པ་གསར་སྤེལ་བེད་སྤྱོད་དང་འཚམ་པའི་གློག་འདྲེན་གློག་དྲ་ཆེ་གྲས་མགྱོགས་མྱུར་བསྐྲུན་ནས“བྱེ་ཐང་ཐང་རྒོད་ཀྱི”རླུང་གློག་དང་འོད་ཤུགས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་ལ་ཞབས་འདེགས་ཧུར་ཐག་ཞུས་པ་དང་ལྗང་མདོག་གློག་ཤུགས་འཛད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད། ནུས་རྒྱུ་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་དང་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད“བྱེད་པོ་གཉིས”དང“མཐོར་འདེགས་གཉིས”ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། སྔོན་དཔག་བྱས་ན་འདི་ལོ་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1500ལྷག་ཙམ་འཕར་རྒྱུ་ཡིན་ཞིང་། སྐབས་དེ་དུས་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་5000ལྷག་ཙམ་ཟིན་རྒྱུ་རེད།
ནུས་རྒྱུ་གསར་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཟམ་མི་ཆད་པར་འཕར་བ་དང་ཆབས་ཅིག རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་སྤུས་ཚད་མཐོ་བའི་གསར་སྤེལ་བེད་སྤྱོད་དམིགས་ཚད་ལ་དམིགས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་ནུས་རྒྱུ་གསར་པའི་དྲ་སྦྲེལ་བེད་སྤྱོད་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།