དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་གོ་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོགས་པས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དར་སྤེལ་ཧུར་ཐག་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲའོ་མོང་དབྱང་།   |     སྤེལ་དུས།  2024-04-27

    “ང་ཚོས་ས་ཚིགས་ཁག་གི་གློག་འདོན་འཕྲུལ་ཙུའུ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་ཕུད། ད་དུང་སེམས་ནུས་ཡོད་རྒུས་བཅའ་སྡོད་བྱ་ཡུལ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གནོད་འཚེ་མི་ཕོག་པ་བྱེད་ཀྱི་ཡོད”ཅེས་མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཆན་ཝ་ཁྲི་70ལྷག་ཙམ་ཟིན་པའི་ནུས་མང་གསབ་རེས་འདུས་གྲུབ་ལེགས་གཏོང་རྒྱལ་ཁབ་དཔེ་སྟོན་ལས་གྲྭའི་བཀོལ་སྤྱོད་བདག་སྐྱོང་བ་ལི་ཡིའུ་པིན་གྱིས་བཤད།

    “མཚོ་བོད་ས་མཐོ་ནི་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་རེད། ནུས་རྒྱུ་གཙང་མའི་ལས་དོན་པ་ཞིག་ཡིན་པའི་ང་ཚོ་ས་ཆ་དེར་སླེབས་པ་ནས་བཟུང་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་འཁུར་ཡོད”ཅེས་ལས་གྲྭ་བཀོལ་སྤྱོད་བདག་སྐྱོང་བ་ཧྥང་ཡིའུ་ཅུན་གྱིས་བཤད།

    2019ལོར་ཀྲུང་གོ་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས(གཤམ་དུ“ཀྲུང་གོ་ལྗང་མདོག་འཕེལ་རྒྱས”ཞེས་བསྡུ་རྒྱུ)མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཆན་ཝ་ཁྲི་70ཟིན་པའི་ནུས་མང་གསབ་རེས་འདུས་གྲུབ་ལེགས་གཏོང་རྒྱལ་ཁབ་དཔེ་སྟོན་ལས་གྲྭ་བསྐྲུན་ནས་རྒྱལ་ནང་གི་རླུང་ནུས་དང་། འོད་ཤུགས། ཚ་ནུས། གྲབས་གསོག སྙོམས་སྒྲིག ཐེག་ནུས་བཅས་ཟུང་དུ་འབྲེལ་བའི་ལག་རྩལ་གྱི་སྟོང་ཆ་བསྐངས་ཤིང་། དེས་མིག་སྔའི་ནུས་རྒྱུ་གསར་པ་གཞི་ཁྱོན་ཆེན་པོས་དྲ་སྦྲེལ་བྱེད་པའི་ལག་རྩལ་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་པ་དང་ནུས་རྒྱུ་གསར་པ་གཞི་ཁྱོན་ཆེན་པོས་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་བཏང་ཡོད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དེ་བས་ཡག་པོ་བྱ་ཆེད། ལས་གྲྭའི་ཁུལ་དུ“སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཚོད་ལྟའི་ས་ཚིགས”བཀོད་སྒྲིག་བྱས་པ་དང་བཀོལ་སྤྱོད་བདག་སྐྱོང་བས་ད་དུང་རྣམ་གྲངས་ཉེ་འཁོར་གྱི་མངོན་གསལ་དོད་སར“རི་སྐྱེས་སྲོག་ཆགས་སྲུང་སྐྱོང”གི་དྲན་སྐུལ་མཚོན་རྟགས་བྱང་བུ་མང་པོ་བཙུགས་ཡོད། ཉིན་ལྟར་སྐོར་ཞིབ་བྱེད་རིང་བཀོལ་སྤྱོད་བདག་སྐྱོང་བས“རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི”མཚོན་རྟགས་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་རི་སྐྱེས་རྩི་ཤིང་གི་སྐྱེ་འཚར་དང་དེ་བཞིན་མིས་གཏོར་སྐྱོན་བཏང་བའི་གནས་ཚུལ་ཡོད་མེད་ལ་ལྟ་ཞིབ་ཞིབ་ཕྲ་བྱེད་པ་མ་ཟད། དམར་ཕྱིའི་པར་ཆས་བརྒྱུད་ཚོད་ལྟའི་ཁུལ་གྱི་གནས་ཚུལ་ལ་ལྟ་ཞིབ་ནན་ཏན་བྱེད་ཀྱི་ཡོད་པ་རེད། མིག་སྔའི་བར། དེ་སྔོན་མཐོང་དཀོན་པའི་བྱི་བ་རྐང་རིང་སོགས་རྩ་ཆེའི་དངོས་རིགས་ཐེངས་མང་ལྟ་ཞིབ་ཚད་ལེན་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཚོགས་པས་རྒྱལ་ཡོངས་ས་གནས་མང་པོར་ཁོར་ཡུག་སྲུང་སྐྱོང་ལས་དོན་དུས་ཡུན་རིང་པོ་སྤེལ་བས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕན་ནུས་ཡག་པོ་ཐོན་ཡོད།

    “ང་ཚོས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་དེ་ཐོན་སྐྱེད་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ནས། རང་བྱུང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་འཚོལ་བ་དང་ལྗང་མདོག་འཚོ་བ་སྐྱེལ་སྟངས་རྒྱུན་ཆད་མེད་པར་དར་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་རམ་འདེགས་བྱས་ནས་སྲུང་སྐྱོང་དང་འཕེལ་རྒྱས་གཉིས་ཀར་ཕན་འབྲས་ཐོབ་པར་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན”ཞེས་ཀྲུང་གོ་ལྗང་མདོག་འཕེལ་རྒྱས་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།