ལྗང་མདོག་རྩིས་ནུས་མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུགས་མ་འདྲེན་གྱི“སྒུལ་ཤུགས་གསར་པར”གྱུར་པ།
ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་གྱི་འཁོར་འབྲེལ་ཧྲིལ་པོས་རྣམ་གྲངས་ཀྱི་ཇུས་འགོད་དང་། གན་འཇོག དོན་འཁྱོལ། ཐོན་སྐྱེད་བྱེད་འགོ་འཛུགས་པ་བཅས་ལ་སྐུལ་འདེད་བཏང་ནས་དུས་ཚིགས་དང་པོར་ཚོང་འགུགས་མ་འདྲེན་གྱི་འགོ་བརྟན་པོ་བཙུགས་ཏེ་ལྗང་མདོག་རྩིས་ནུས་ཚོང་འགུགས་མ་འདྲེན་གྱི“སྒུལ་ཤུགས་གསར་པར”གྱུར་ཡོད།
མིག་སྔའི་བར། མཚོ་སྔོན་ཞིང་ཆེན་ཡོངས་སུ་ཚོང་འགུགས་མ་འདྲེན་གྱི་མ་དངུལ་དོན་འཁྱོལ་ཐུབ་ཚད་སྒོར་དུང་ཕྱུར་78ཟིན་ནས་དུས་མཚུངས་ལས་19.2%འཕར་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྒོར་དུང་ཕྱུར་600གི་13%ལེགས་སྒྲུབ་ཐུབ་ཡོད། དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་པེ་ཅིང་དུ་མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་འོས་སྦྱོར་ཚོགས་འདུ་འཚོགས་ནས་ལྗང་མདོག་རྩིས་ནུས་ཀྱི་མཉམ་ལས་རྣམ་གྲངས་8ལ་གན་རྒྱ་བཞག་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་123བཏང་ཡོད། གྲོང་ཁྱེར་དང་ཀྲོའུ་ཁག་གིས་རིམ་རྩིས་བྱས་ན་ཕྱིར་ཚོང་འགུགས་འོས་སྦྱོར་ཐེངས་50ལྷག་ཙམ་བྱས་པ་དང་ཁེ་ལས་100ལྷག་ཙམ་དང་འབྲེལ་མཐུད་གྲོས་མོལ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཟི་ལིང་གྲོང་ཁྱེར་དང་ཡུན་ཏཱ་ནུས་རྒྱུས་ཐོན་སློབ་ཞིབ་གསུམ་གྱི་ནུས་གསོག་སྒྲིག་ཆས་དང་རླུང་འཁོར་སྒྲིག་ཆས་གཞི་གཅིག་ཅན་གྱི་བཟོ་སྐྲུན་རྣམ་གྲངས་དང་འབྲེལ་མཐུད་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་དང་ཀྲེ་ཅང་ཝེ་ཧའེ་མ་རྐང་ཚོད་འཛིན་གྱིས་མཚོ་སྔོན་འཐེན་ཐུག་སྤྱི་ཁྱབ་པུའུ་རྟེན་གཞིའི་རིག་ནུས་ཐོན་ལས་གླིང་འཛུགས་སྐྲུན་རྣམ་གྲངས་དང་འབྲེལ་མཐུད་བྱས་པ། མཚོ་ནུབ་ཀྲོའུ་དང་པེ་ཏུའུ་དྲ་འཕྲིན་གྱིས་པེ་ཏུའུ་གོར་མོའི“ལྗང་གློག་དང་ལྗང་མདོག་རྩིས་ནུས་ལྟེ་གནས”ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་རྣམ་གྲངས་དང་འབྲེལ་མཐུད་བྱས་པ། མཚོ་ལྷོ་ཀྲོའུ་དང་ཕུང་དབྱིན་གྲངས་གཞི(ཤང་ཀང)ཀུང་སིས་ཁུ་ནུ་གྲངས་གཞི་ཆེ་མོའི་ལྗང་ནུས་ཐོན་ལས་གླིང་གི་རྣམ་གྲངས་དང་འབྲེལ་མཐུད་བྱས་པ། མཚོ་བྱང་ཀྲོའུ་དང་ཅི་ནན་ལན་ཅན་ཅུན་ཤིན་ཆ་འཕྲིན་ཚན་རྩལ་གྱིས་བདེ་འཇགས་རིག་ནུས་རྩིས་ནུས་ལྟེ་གནས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་རྣམ་གྲངས་དང་འབྲེལ་མཐུད་བཅས་བྱས་པ་རེད། འབྲེལ་མཐུད་དང་གྲོས་མོལ་གཏིང་ཟབ་བྱས་པ་བརྒྱུད། མཚོ་སྔོན་གྱི་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་མངོན་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མའི་ཁྱད་ཆོས་ལྡན་པའི་གཙོ་གནད་རྣམ་གྲངས་ཁག་གཅིག་ལ་མཉམ་ལས་ཀྱི་འདོད་འདུན་བྱུང་བར་སྐུལ་འདེད་བཏང་ཡོད།
མཚོ་སྔོན་གྱིས་ས་མཐོའི་ཐོན་ཁུངས་དང་ནུས་རྒྱུའི་ལེགས་ཆར་གཞི་བཙུགས་ནས“ཤར་གྲངས་ནུབ་རྩིས”དང་། “ཤར་གྲངས་ནུབ་གསོག” “ཤར་གྲངས་ནུབ་སྦྱོང”བཅས་ཀྱི་རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་མཉམ་འདྲེས་གཏིང་ཟབ་དང་དེར་ཞབས་འདེགས་ཞུས་ནས་ལྗང་མདོག་རྩིས་ནུས་ཞིང་ཆེན་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི“སྒུལ་ཤུགས་གསར་པར”འགྱུར་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།