དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-27

    “རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ཁྲོད་ནུབ་རྒྱུད་ས་ཁུལ་གལ་འགངས་ཆེན་པོ་ཡིན” ཟླ་4ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་དང་། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འགན་འཁུར་ཕོད་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། ཏང་ཀྲུང་དབྱང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱེད་པ། སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད། བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་དེ། འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་བཞག་སྟེ་ངེས་གནས་བསམ་གཞིག་དང་སྤྱི་འདོམས་འཆར་འགོད་བྱས་པ་ཞིག་རེད། དེ་ནི་ང་ཚོས་འགོ་འཛུགས་ས་དེ་བས་མཐོ་བ་ནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་རེད”ཅེས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རིག་གནས་དང་ཡུལ་སྐོར་ཐིང་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་གིས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་སོགས་ཞབས་ཞུའི་ལས་རིགས་རྣམས་ས་ཁོངས་ཀྱི་ཀ་རྟེན་ཐོན་ལས་ལ་གཏོད་དགོས་ཞེས་ནན་བཤད་གནང་ཡོད། གོམ་སྟབས་རྗེས་མར་ང་ཚོས་འགོ་འཛུགས་ས་མཐོ་པོ་དང་ཚད་གཞི་མཐོ་བའི་འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གཏིང་ཟབ་པ་དང་ཆུ་ཚད་མཐོ་པོས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། ཁྲོམ་རར་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་གསར་སྤེལ་བེད་སྤྱོད་ཀྱི་ཐོན་ལས་འཁོར་འབྲེལ་ཤར་བགྲོད་ཐུབ་པ་བཅས་བྱས་ཏེ། ཐོན་སྐྱེད་ཀྱི་གཙོ་རྒྱུ་གསར་པ་དང་། ཐོན་སྐྱེད་ཀྱི་ལག་རྩལ་གསར་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བཅས་གཅིག་གྱུར་དམ་ཟབ་ཀྱི་ཐོན་སྐྱེད་འབྲེལ་བ་གསར་པ་མགྱོགས་མྱུར་ཆགས་པ་དང་ཡུལ་བབ་དང་བསྟུན་ནས་རིག་གནས་དང་ཡུལ་སྐོར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་བཏང་སྟེ་སྣ་མང་རང་བཞིན་དང་། སྤྲོ་སྣང་རང་བཞིན། ཤེས་བྱའི་རང་བཞིན། ཚན་རིག་རང་བཞིན་བཅས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་མཁོ་སྤྲོད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་གི་ཡིན་ཞེས་ཤའོ་ཁྲོན་ཅང་གིས་བརྗོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཁ་ཕྱོགས་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་འཕེལ་རྒྱས་བཏང་སྟེ་ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

    སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་མཁར་རྨོག་གྲོང་ཚོས་རྒྱལ་ལམ་318ཀྱི་ས་ཁོངས་ཀྱི་ལེགས་ཆ་དང་མུ་འབྲེལ་གངས་རིའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས“གྲོང་གཅིག་ཁུལ་གསུམ”བཏོད་དེ། གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་གསར་པ་འཚོལ་ཞིབ་བྱས་པས་དེ་སྔའི“ཁོག་སྟོང་གྲོང་ཚོ”དེ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཡུལ་སྐོར་གྲོང་ཚོ”ཞིག་ཏུ་གྱུར་ཡོད། མཁར་རྨོག་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཁྲེན་ལི་པིན་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ལ་མུ་མཐུད་གཞོགས་འདེགས་ཡག་པོ་བྱས་ཏེ་ལྷག་བསམ་རྣམ་དག་ངང་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་མཐུན་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། གྲོང་གསེབ་སྔར་བས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུས་ཀྱིས“ཁུལ་གཉིས་དང་ཆུས་ལྔའི”སྤྱིའི་དམིགས་ཚད་དང“11364”ཡི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་གཙོ་གནད་ཐོག་དམིགས་ནས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་འགན་ལེན་བྱེད་པ་དང་། ཁྱད་ལྡན་ཞིང་ལས་དང་། ནགས་ཁྲོད་དཔལ་འབྱོར། སྨན་དང་སྨན་རྫས་སྐྱེ་དངོས། ནུས་རྒྱུ་གཙང་མ། ཞིང་ཞོར་ཐོན་རྫས་ལས་སྣོན་སོགས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱེད་པར་ཤུགས་སྣོན་རྒྱག་པ། གླ་བ་དང་། ཤྭ་བ་ཁྲ་རིས། ས་མཐོའི་ཆུ་གྲང་ཉ་གསོ་ཚགས་སོགས་ཀྱི་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ཉིང་ཁྲི་འདི་ཉིད་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་དང་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་མཱ་ཀོང་ཧྲེང་གིས“གོམ་སྟབས་རྗེས་མར། ང་ཚོས་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་གསར་གཏོད་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ནས་ཚན་རྩལ་འཆར་གཞིའི་རྣམ་གྲངས་དང་ལས་སྟེགས་འཛུགས་སྐྲུན་གྱི་ཆེད་དོན་སོགས་ཚན་ཞིབ་ལམ་སྲོལ་ལ་བརྟེན་པ་དང་། ཚན་ཞིབ་རྣམ་གྲངས་སྣ་ཚོགས་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་པ། ཉིང་ཁྲིའི་ཁྱད་ལྡན་ཐོན་ལས་དང་། ནགས་གསེབ་དཔལ་འབྱོར། སློབ་གསོ་སྨན་བཅོས། དམངས་འཚོའི་འདུ་འགོད། སྤྱི་པའི་བདེ་འཇགས། ལས་སྟེགས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ལ་འཚམ་པའི་འགག་རྩ་དང་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ་ཤུགས་ཆེན་བྱེད་པ། ཚན་རྩལ་གྲུབ་འབྲས་དེ་བས་མང་བས་དམངས་འཚོར་ཕན་འདོགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བར་ཚན་རྩལ་གྱི་ཐབས་ལམ་གསར་པ་ཞིག་གཏོད་ཀྱི་ཡིན”ཞེས་བརྗོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས་ཞེས་གསུངས་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་འགན་སྤྱི་འདོམས་དོན་འཁྱོལ་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་འཛུགས་གཏོད་ནུས་ལྡན་བྱས་ཁར་ཕན་འབྲས་ཀྱང་ཐོན་པ་དང་། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་གནས་བབ་མུ་མཐུད་རྒྱུན་འཁྱོངས་བཅས་བྱས་ཏེ། བོད་ཀྱི་སྐྱེ་ཁམས་ཟམ་མི་ཆད་པར་མཛེས་སུ་ཕྱིན་པ་དང་སྐྱེ་ཁམས་ཀྱི་རིན་ཐང་མུ་མཐུད་ཆེ་རུ་ཕྱིན་ནས་གང་སར“རི་སྔོན་ཆུ་དྭངས་གཅིག་ལ་གཅིག་འགྲན་དང་གསེར་རི་དངུལ་རི་ཡུན་ནས་ཡུན་དུ་གནས་པའི”མཛེས་ལྗོངས་ཤིག་མངོན་ཡོད།

    རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝང་ཧུའེ་ཡིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བརྟན་དུ་གཏོང་རྒྱུ་ངེས་གནས་ལ་འཛིན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཧུར་ཐག་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་བཅས་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་ཁག་བགོས་ལྟ་འདོམས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་གོ་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བཅས་བྱས་ཏེ། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ཁྲོད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་གྱི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།