དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ཤུད་ལུས་རྩལ་པ་དབྱངས་ཅན་ལྷ་མོས་བརྗོད་དོན།

    ཁ་བའི་འདབ་མ་རེ་རེས་ངའི་འཚར་ལོངས་ལ་བདེན་དཔང་བྱེད་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-27

    འདི་ནི་ཟླ་2ཚེས་19ཉིན་ནང་སོག་ཝུའུ་ལན་ཁྲ་པུ་གྲོང་ཁྱེར་ལེང་ཁྲེང་གངས་ཤུད་ར་བར་འཚོགས་པའི་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཡ་པང་གངས་ཤུད་གཞོན་ནུ་ཚོགས་ཆུང་གི་བུད་མེད་ཐེམ་བརྒལ་རྗེས་འདེད་འགྲན་བསྡུར་ནང་ཀྲུང་གོའི་བོད་ལྗོངས་རུ་ཁག་གི་བདམས་ཐོན་པ་དབྱངས་ཅན་ལྷ་མོས་འགྲན་བསྡུར་བྱེད་བཞིན་པ། (དཔྱད་གཞིའི་པར་རིས)

    དབྱངས་ཅན་ལྷ་མོ་ནི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ནས་ཡིན་པ་དང་བོད་ལྗོངས་གངས་ཤུད་མཉམ་སྡེབ་སྦྱོང་བརྡར་རུ་ཁག་གི་ཡ་པང་གངས་ཤུད་ཀྱི་ལུས་རྩལ་པ་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཡ་པང་གངས་ཤུད་གཞོན་ནུའི་ཚོགས་ཆུང་གི་བུད་མེད་ཀྱི་འགག་འདེད་འགྲན་བསྡུར་ཐོག་ཨང་དང་པོ་ཐོབ་པ་རེད། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་བསམ་ཡུལ་ལས་འདས་པ་ཞིག་ལ་དབྱངས་ཅན་ལྷ་མོ་འགྲན་བསྡུར་གོང་གི་ཚོད་ལྟའི་ཁྲོད་རྨས་སྐྱོན་ཕོག་སྟེ་བློ་ཕམ་དང་བཅས་འགྲན་བསྡུར་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། རྨས་སྐྱོན་ཕོག་སྟེ་འགྲན་བསྡུར་ནས་ཕྱིར་འཐེན་དགོས་བྱུང་ཡང་ཁོང་གིས་ཀྲུང་གོའི་བདམས་ཐོན་པའི་ཡ་པང་གངས་ཤུད་འགག་འདེད་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་པ་དང་། ཁོང་ནི་རྣམ་གྲངས་དེའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་རག་པའི་བོད་ཀྱི་ལུས་རྩལ་པ་དང་པོ་དེ་རེད།

    2004ལོར་དབྱངས་ཅན་ལྷ་མོ་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་ཕུ་རོང་གྲོང་ཚོར་སྐྱེས། མཛོ་སྒང་རྫོང་དུ་སློབ་ཆུང་འགྲིམ་སྐབས་ལུས་རྩལ་གྲུབ་འབྲས་གཟེངས་སུ་ཐོན་སྟབས། ཁོང་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭས་ཐེངས་གཉིས་བདམས་པ་རེད།

    2018ལོར་དབྱངས་ཅན་ལྷ་མོས་ལས་རིགས་དང་རྣམ་གྲངས་བརྒལ་བའི་ལུས་རྩལ་པའི་འདེམས་སྒྲུག་བརྒྱུད་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཞིག་ནས་ཡ་པང་གངས་ཤུད་ལུས་རྩལ་པ་ཞིག་ལ་བསྒྱུར་བ་རེད།

    དེ་རྗེས་ཀྱི་དུས་ཡུན་རིང་པོ་ཞིག་ནང་དབྱངས་ཅན་ལྷ་མོས་བོད་ལྗོངས་གངས་ཤུད་མཉམ་སྡེབ་སྦྱོང་བརྡར་རུ་ཁག་དང་མཉམ་དུ་རྒྱལ་ཁབ་ཕྱི་ནང་དུ་གོ་རིམ་ལྡན་པའི་སྦྱོང་བརྡར་བྱས་པ་རེད།

    དུས་བཞིར་མི་ལྟོས་པར་སྦྱོང་བརྡར་བྱེད་ཅིང་། གཡང་གཟར་གྱི་གངས་ཤུད་ར་བར་དབྱངས་ཅན་ལྷ་མོ་དང་རུ་གྲོགས་ཚོས་དུས་ཡུན་རིང་ལ་འགྲན་སློང་གིས་ཁེངས་པའི་སྦྱོང་བརྡར་ཁྲོད་ཞུགས། ནམ་མ་ལངས་གོང་ནས་ཁོང་ཚོས་གྲང་རླུང་ཁྱད་དུ་བསད་དེ་གངས་ཤུད་ལམ་དུ་བསྐྱོད་ནས། རང་ངོས་ཚད་བརྒལ་ཡོང་བའི་འདུན་པ་འཆང་བཞིན་ཉིན་གཅིག་གི་སྦྱོང་བརྡར་འགོ་འཛུགས་ཀྱི་ཡོད།

    ལོ་ན་ཆེ་རུ་འགྲོ་བ་དང་བསྟུན་ནས་དབྱངས་ཅན་ལྷ་མོ་གངས་ཤུད་ལ་དགའ་ཞེན་ཇེ་ཟབ་ཏུ་སོང་ཞིང་། ངལ་གསོའི་སྐབས་སུའང་ཁོང་གཅིག་པུ་སྦྱོང་བརྡར་ར་བའི་ནང་སྦྱོང་བརྡར་བྱེད་ཀྱི་ཡོད། སྐབས་མང་པོ་ཞིག་རྩལ་ཁྲིད་པས་ཁོང་ལ་སྦྱོང་བརྡར་བྱེད་མཚམས་འཇོག་དགོས་པའི་བཀའ་བཏང་རྗེས་ཁོང་གིས་གཞི་ནས་ངལ་གསོ་ཅུང་ཙམ་རྒྱག་གི་ཡོད། ཁོང་གིས་ཕུལ་བྱུང་གི་ཡ་པང་གངས་ཤུད་ལུས་རྩལ་པ་ཞིག་ཏུ་ཆགས་དགོས་ན་ཕུལ་དུ་བྱུང་བའི་རྩལ་ནུས་དགོས་པ་མ་ཟད། ད་དུང་ལུས་སྟོབས་དང་བློ་སྟོབས་ཀྱང་ཆེན་པོ་དགོས་པ་གསལ་པོ་ཤེས་ཀྱི་ཡོད། སྦྱོང་བརྡར་བྱེད་སྐབས་དབྱངས་ཅན་ལྷ་མོར་རྨས་སྐྱོན་ཐེངས་མང་ཕོག་ཡོད་པས་ནང་མིས་ཁོང་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། “ལུས་རྩལ་པ་ཞིག་གི་ངོས་ནས་རྨས་སྐྱོན་ཕོག་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད”ཅེས་ཁོང་གིས་བཤད།

    2022ལོར་2021ལོ—2022ལོའི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡ་པང་གངས་ཤུད་འགག་འདེད་ཀྱི་འཛམ་གླིང་བུམ་པའི་ཨུ་རུ་སུའི་ས་ཚིགས་ཀྱི་འགྲན་བསྡུར་ནང་། དབྱངས་ཅན་ལྷ་མོར་ལུས་རྩལ་པ་གཞན་ཞིག་དང་མཉམ་དུ་ཨང་17གྱི་གྲུབ་འབྲས་ཐོབ་ནས་རྣམ་གྲངས་དེའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད་ཀྲུང་གོའི་བདམས་ཐོན་པའི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་བཏོད་པ་མ་ཟད། ད་དུང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་ཡང་རག་པ་རེད།

    པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་གྲ་སྒྲིག་བྱ་ཆེད་དབྱངས་ཅན་ལྷ་མོས་སྦྱོང་བརྡར་གྱི་ཚད་གཞི་ཆེ་རུ་བཏང་ཡོད། ཡིན་ནའང་བསམ་ཡུལ་ལས་འདས་པར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཡ་པང་གངས་ཤུད་བུད་མེད་ཀྱི་འགག་འདེད་འགྲན་བསྡུར་འགོ་མ་ཚུགས་གོང་གི་ཉིན་གཉིས་པའི་འགྲན་ལམ་ཚོད་ལྟ་དང་གཞུང་ཕྱོགས་ཀྱི་སྦྱོང་བརྡར་ཁྲོད་དབྱངས་ཅན་ལྷ་མོར་རྨས་སྐྱོན་ཕོག་ནས་བློ་ཕམ་པ་ཞིག་ལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད།

    པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་མོད། འོན་ཀྱང་དབྱངས་ཅན་ལྷ་མོའི་སེམས་ནང་གི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་མེད། ཁོང་གིས་ངལ་གསོ་རྒྱག་པའི་དུས་མཚམས་ནང་དྲ་ཐོག་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྙན་ལམ་ཡང་ཡང་བལྟས་ཏེ། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་མི་རེ་ངོ་རེ་ཚང་མའི་འགྲན་བསྡུར་གནས་ཚུལ་ལ་དོ་ཁུར་བྱེད་ཀྱི་ཡོད།

    ལོ་གཉིས་ཀྱི་རྗེས་སུ་ལོ་20ལ་སླེབས་པའི་དབྱངས་ཅན་ལྷ་མོ་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་ཞུགས་ཤིང་། ཁོང་གིས་ན་གཞོན་ཚོགས་ཆུང་གི་འགྲན་བསྡུར་ཐོག་མི་ཚང་མས་རང་ཉིད་ཀྱི་ཆུ་ཚད་མཐོང་ཐུབ་པ་བྱས་ཡོད། “གསེར་གྱི་རྟགས་མ་དེས་དེ་གོང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མ་ཐུབ་པའི་བློ་ཕམ་དེ་ཁ་གསབ་ཐུབ་པས་ང་ཧ་ཅང་དགའ་པོ་བྱུང”ཞེས་བཅར་འདྲི་དང་ལེན་བྱེད་སྐབས་དབྱངས་ཅན་ལྷ་མོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    ལོ་ན་གཞོན་པའི་དབྱངས་ཅན་ལྷ་མོས་གྲུབ་འབྲས་དེར་བློ་ཚིམ་ནས་སྡོད་ཀྱི་མེད། ཁོང་གིས་ཡ་པང་གངས་ཤུད་ལུས་རྩལ་པ་རྩེ་གྲར་འགྱུར་དགོས་ན་ད་དུང་མུ་མཐུད་ཚད་བརྒལ་བྱེད་དགོས་པ་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་དེ་བས་སྙིང་རུས་ཆེན་པོས་སྦྱོང་བརྡར་བྱེད་པ་དང་དཀའ་ཚེགས་དེ་བས་ཆེ་བར་འགྲན་སློང་བྱེད་ཀྱི་ཡོད།

    “ཁ་བའི་འདབ་མ་རེ་རེས་ངའི་འཚར་ལོངས་ལ་བདེན་དཔང་བྱེད་ཐུབ། གཡང་གཟར་གྱི་གངས་ཤུད་ལམ་བུ་ཡིན་ནའང་འདྲ། ཡང་ན་མི་ཚེའི་ལམ་བུ་ཡིན་ཡང་རུང་དེའི་ཆེད་དུ་ཕུགས་འདུན་བཅངས་ནས་འབད་བརྩོན་བྱས་ཚེ་རང་ཉིད་ལ་དབང་བའི་འོད་སྟོང་ཞིག་གཏོད་ཐུབ་ངེས་རེད”ཅེས་དབྱངས་ཅན་ལྷ་མོས་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།