དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དུས་རབས་གསར་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ མཛའ་གྲོགས་གཏམ་རྒྱུད་ཐུན་མོང་ཐོག་རྩོམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  པའེ་ཙི་ཝེ། ལིའུ་ཧོ། ལིའུ་ཅུན་གོ   |     སྤེལ་དུས།  2024-04-26

    འདི་ནི་ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་ཀྱི་མཛའ་གྲོགས་མི་སྣས་ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་ཅང་ཧྲན་སློབ་འབྲིང་དུ་མཛའ་གྲོགས་ལྗོན་ཤིང་འཛུགས་བཞིན་པ།

    “ཀྲེ་ཅང་ཆུས་ཀྲོའུ་རུ་ཏུའུ་ལི་ཐེའི་བྱ་སྤྱོད་དྲན་གསོ་ཁང་ཞིག་ཡོད་པ་དང་། སྐབས་དེ་དུས་བསྐྱབས་པའི་ཨ་རིའི་དམག་མིའི་མི་རབས་རྗེས་མ་ད་ཆ་རྟག་ཏུ་འདི་གར་ཡོང་ནས་བདེན་པའི་རྒྱབ་ལངས་བྱེད་མཁན་ཀྲུང་གོ་མི་དམངས་ལ་གུས་ལུགས་མཚོན་པར་བྱེད་ཀྱི་ཡོད” 2023ལོའི་ཟླ་11ཚེས་15ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཨ་རིའི་མཛའ་གྲོགས་ཚོགས་པའི་མཉམ་འབྲེལ་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་གཏམ་བཤད་གལ་ཆེན་གནང་སྐབས། ཀྲུང་གོའི་དམག་དམངས་ཀྱིས་དཔའ་ངར་ཆེན་པོས་རི་འགོག་དམག་འཁྲུག་སྐབས་ཨ་རིའི་འཕུར་སྐྱོད་པར་རོགས་སྐྱོབ་བྱས་པ་དང་། བསྐྱབས་པའི་ཨ་རིའི་དམག་མིའི་རྗེས་རབས་པ་ཆུས་ཀྲོའུ་ལ་བསྐྱར་དུ་ཡོང་བའི་གཏམ་རྒྱུད་ཆེད་མངགས་གསུངས་པ་རེད།

    འདི་ལོའི་ཟླ་4ཚེས་17ཉིན་ནས་ཚེས་19ཉིན་བར“དམག་འཁྲུག་སྐབས་ཆགས་པའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད”ཅེས་པའི་ཏུའུ་ལི་ཐེའི་བྱ་སྤྱོད་རོགས་སྐྱོབ་ཆེན་པོ་བྱས་ནས་ལོ་82འཁོར་བར་དྲན་གསོ་ཞུ་བའི་ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་རིག་གནས་སྤེལ་རེས་བྱེད་སྒོ་ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་དུ་གཉེར་བ་རེད། བྱེད་སྒོ་སྤེལ་རིང་ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་ཀྱི་མཛའ་གྲོགས་མི་སྣས་ཏུའུ་ལི་ཐེའི་བྱ་སྤྱོད་དྲན་གསོ་ཁང་གི་འགྲེམས་སྟོན་གསར་པར་ལྟ་སྐོར་དང་། འཕུར་སྐྱོད་པ་སྐྱོབ་སའི་གནའ་ཤུལ་ལ་རྟོག་ཞིབ། བཞུགས་མོལ་སྤེལ་རེས་སོགས་བྱས་ནས་དུས་རབས་གསར་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་གཏམ་རྒྱུད་ཐུན་མོང་ཐོག་བརྩམས་པ་རེད།

    ཀྲུང་ཨའི་འབྲེལ་བའི་རྨང་གཞི་ནི་མི་དམངས་ཀྱིས་བཏིང་བ་ཞིག་ཡིན།

    “ལོ་རྒྱུས་དུམ་བུ་དེ་མ་བརྗེད་པའི་ཆེད་དུ་ཡིན”

    འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་དང་དྲང་བདེན་གྱི་ཆེད་དུ་ཐུན་མོང་ཐོག་འཐབ་རྩོད་བྱས་ཤིང་། རི་པིན་གྱིས་ཀྲེན་ཀྲུའུ་ཀང་གྲུ་ཁར་འཇབ་རྒོལ་བྱས་རྗེས། 1942ལོར་ཨ་རིའི་མཁའ་དམག་གི་B-25འབར་གཏོར་གནམ་གྲུ་16གིས་རི་པིན་ལ་འཇབ་རྒོལ་བྱས། སྣུམ་རྒྱུ་མི་འདང་བའི་དབང་གིས་ཀྲུང་ཞའོ་དམག་དཔོན་ཏུའུ་ལི་ཐེ་སོགས་འཕུར་སྐྱོད་པས་ཀྲུང་གོར་གནམ་གྲུ་ནས་གདུགས་མཆོང་བྱས་པས་ཀྲུང་གོའི་དམག་དམངས་ཀྱིས་དཔའ་ངར་ཆེན་པོས་རོགས་སྐྱོབ་བྱས་པར་བརྟེན་རི་པིན་དམག་གིས་ཀྲུང་གོའི་མི་སེར་ཁྲི་25དམར་གསོད་བཏང་བ་རེད།

    ད་ཐེངས་འཚོགས་པའི་ཏུའུ་ལི་ཐེའི་བྱ་སྤྱོད་ཀྱི་ཆུས་ཀྲོའུ་རོགས་སྐྱོབ་ཆེན་པོའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ནང“ང་ཚོ་ཆུས་ཀྲོའུ་རུ་མཇལ་ཡོང”དང་། “ཆུས་ཀྲོའུ་ཡི་རོགས་སྐྱོབ” “མཛའ་གྲོགས་འབྲེལ་ཟམ”སོགས་ཀྱི་ལེའུ་བརྒྱུད་དེ་ལྟད་མོ་བ་ཚོར་ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་མཛའ་གྲོགས་སྐོར་གྱི་གཏམ་རྒྱུད་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། ཏུའུ་ལི་ཐེའི་བྱ་སྤྱོད་དྲན་གསོ་ཁང་གི་སྨི་ངོས་གྲུ་1500ལྷག་ཙམ་ཡོད་པའི་འགྲེམས་ཁང་ནང་། འགྲེམས་སྟེགས་ཐོག་བཤམས་པའི་གནམ་གྲུའི་ལྷུ་ལག་ནས་ལོ་རྒྱུས་ཀྱི་རྩ་ཆེའི་པར་རིས་རེ་རེའི་བར་དང་། མཉམ་འགུལ་གྱི་ཉམས་ལེན་ནས་མངོན་སུམ་གྱི་འཕུར་སྐྱོད་པའི་འཇིམ་བརྙན་བར། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ལོ་82གོང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་རི་འགོག་དམག་འཁྲུག་ནང་ཞུགས་པའི་ལོ་ཟླར་བསྐྱར་དྲན་བྱས་པ་རེད།

    སུའུ་ཧྲན་གྱི་ཕ་ཁྲར་སི·ཨའོ་ཙུའུ་ཁེ་ནི་སྐབས་དེ་དུས་ཏུའུ་ལི་ཐེའི་བྱ་སྤྱོད་ཀྱི་གནམ་གྲུ་ཨང་3པའི་འཕུར་སྐྱོད་སྣེ་ཁྲིད་པ་ཡིན་པ་དང་། གདུགས་མཆོང་བྱས་རྗེས་བྲག་རི་གཡང་གཟར་སྟེང་མཚན་གང་ལུས་པ་དང་། རྗེས་སུ་ཀྲུང་གོའི་གྲོང་མི་ལེའོ་ཧྲི་ཡོན་གྱིས་མཐོང་ནས་ཁྱིམ་དུ་ཁྲིད་དེ་ནད་གཡོག་རྒྱུག་པ་རེད། ཀྲུང་གོར་ཡོང་ཐེངས་གསུམ་པ་ཡིན་པའི་སུའུ་ཧྲན་གྱིས་ཀྲུང་གོ་དང་དེ་བཞིན་ས་གནས་དེའི་མི་དམངས་ཀྱི་བཀའ་དྲིན་སེམས་ནང་དྲན་གྱི་ཡོད།“ཀྲུང་གོར་ཡོང་རིམ་བཞིན་ཁྱིམ་དུ་ལོག་པའི་སྣང་བ་འདུག ཀྲུང་གོ་མི་དམངས་ནམ་ཡང་ངའི་སེམས་ནང་ཡོད། ཁོང་ཚོས་སྲོག་ཉེན་ལ་མ་འཛེམས་པར་ཏུའུ་ལི་ཐེའི་བྱ་སྤྱོད་ནང་ཞུགས་མཁན་འཕུར་སྐྱོད་པ་རྣམས་ལ་རོགས་སྐྱོབ་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།

    ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གཏམ་རྒྱུད་ནི་མི་དམངས་ཀྱིས་བྲིས་པ་ཞིག་ཡིན།

    “ངའི་ཁྱིམ་ནི་ཁྱེད་རང་གི་ཁྱིམ་དང་ཁྱད་མེད། ག་དུས་ཡོང་ཡང་དགའ་བསུ་ཞུ་གི་ཡིན”

    ཟླ་4ཚེས་17ཉིན་གྱི་སྔ་དྲོར་སུའུ་ཧྲན་དང་བཅས་པ་རླངས་འཁོར་ལ་བསྡད་ནས་ཀྱག་ཀྱོག་གི་རི་ལམ་དོག་པོ་བརྒྱུད་རི་ཁུལ་དུ་འཛུལ་ཏེ་ཆུས་ཀྲོའུ་ཡི་ཅང་ཧྲན་གྲོང་ཁྱེར་ཀྲང་ཚུན་ཤང་ལུང་ཐོའུ་ཏན་གྲོང་ཚོར་བསྐྱོད། ལོ་མང་སོང་རྗེས་ཁོང་སླར་ཡང་ལུང་ཐོའུ་ཏན་གྲོང་ཚོའི་ལྷོ་དོང་ཨང་3པར་གནས་པའི་ལེའོ་ཚང་གི་ཁང་པ་རྙིང་པར་ཡོང་། “ཐེངས་དང་པོ་ཡོང་སྐབས་ངས་པཱ་ལགས་ཀྱིས་དམག་འཁྲུག་ནང་སྡོད་མྱོང་བའི‘ཁྱིམ’མཐོང་བྱུང་། ཁང་པ་རྙིང་པ་དེར་ངའི་པཱ་ལགས་ཀྱི་གཏམ་རྒྱུད་ཡོད་པས་ངའི་དྲན་ཤེས་ནང་ནམ་ཡང་གནས་སྲིད”2021ལོར་སུའུ་ཧྲན་གྱིས་ཞལ་འདེབས་བརྒྱབ་ནས་ལེའོ་ཚང་གི་ཁང་པ་རྙིང་པ་ཉམས་གསོ་བྱས་པ་རེད།

    ཉམས་གསོ་བྱས་པའི་ཁང་པའི་མདུན་དུ་སུའུ་ཧྲན་དང་གྲོགས་པོ་རྙིང་པ་ལེའོ་ཧྲི་ཡོན་གྱི་བུ་ལེའོ་མིང་ཧྥ་གཉིས་མཉམ་འཛོམས་བྱུང་ཞིང་། ཐུག་མ་ཐག་གཅེན་གཅུང་དང་འདྲ་བའི་ཁོང་གཉིས་པོས་ཕན་ཚུན་འཐམ་འཁྱུད་བྱས་ནས་མིག་ནང་མཆི་ཞག་འཁོར། རྒན་རྒོན་གཉིས་ཀྱིས་ཕན་ཚུན་སྐྱོར་རེས་བྱས་ནས་ཁང་པ་རྙིང་པའི་ནང་འཛུལ་བ་དང་ལག་གདང་སྦྲེལ་ནས་གྱང་སྟེང་དུ་བཀལ་བའི་པར་རྙིང་པ་རེ་རེར་བལྟས། ལོ་དགུ་བཅུ་ལ་ཉེ་བའི་རྒན་རྒོན་ལེའོ་མིང་ཧྥ་ཡིས་སྐད་སྒྱུར་བརྒྱུད་དེ་སུའུ་ཧྲན་ལ་ཁ་ནུབ་དགོང་མོ་ཐུག་གྲབས་ཡོད་པ་དྲན་ནས་དགའ་ཚོར་ཆེན་པོས་གཉིད་ཀྱང་མ་ཁུག་པའི་སྐོར་བཤད། “ང་ནི་ཀྲི་ཅ་ཀོར་ཡོད་པའི་ཁྱེད་ཀྱི་ཁྱིམ་མི་ཡིན། ངས་ཀྱང་ཁྱེད་ཧ་ཅང་དྲན་པོ་བྱུང”ཞེས་སུའུ་ཧྲན་གྱིས་བརྩེ་དུང་ཆེན་པོས་ལན་བཏབ།

    ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་ནི་མི་དམངས་ཀྱིས་བཏོད་པ་ཞིག་ཡིན།

    “གཞོན་ནུ་ཚོས་མུ་མཐུད་གཏམ་རྒྱུད་བརྗོད་པ་དང་མཛའ་གྲོགས་རྒྱུན་འཛིན་བྱེད་དགོས”

    ཀྲུང་ཨའི་འབྲེལ་བའི་རེ་བ་ནི་མི་དམངས་ལ་ཐུག་པ་དང་། རྨང་གཞི་ནི་དམངས་ཁྲོད་དུ་གནས་པ། འབྱུང་འགྱུར་ནི་གཞོན་ནུར་ཐུག་པ། གསོན་ཤུགས་ནི་ས་གནས་ལ་ཡོད། ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་མཱ་སི་ཁ་ཐིང་སློབ་འབྲིང་གི་སློབ་མ་པེ་ཅིང་དང་། ཧོ་པེ། ཧྲང་ཧའེ་སོགས་སུ་སྤེལ་རེས་འཚམས་འདྲིར་ཡོང་བ་ནས་ཝ་ཧྲིང་ཐོན་ཀྲོའུ་ཡི་ལིན་ཁེན་སློབ་འབྲིང་དང་སི་ཐེ་ལ་ཁུང་སློབ་འབྲིང་གི་སློབ་མ་20ལྷག་ཙམ་པེ་ཅིང་དང་། ཧུའུ་པེའི་ཧྲི་ཡན། ཀོང་ཏུང་གི་ཀོང་ཀྲོའུ་དང་ཧྲེན་ཀྲེན་སོགས་སུ་འཚམས་འདྲིར་ཡོང་བ་དང་། ཡང་ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་མི་སྣ་དཔྱིད་དཔལ་རབ་ཏུ་བཞད་པའི་དུས་ཚིགས་སུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་བར་ཀྲུང་ཨ་ཕྱོགས་གཉིས་པོས“ཅིའུ་ཅིན་ཧྲན་གྱི་འདོད་འདུན”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་དབར་གྱི་འབྲེལ་ཐག་དམ་དུ་གཏོང་བ་དང་མི་སེམས་འབྲེལ་མཐུད་ཟབ་ཏུ་བཏང་སྟེ་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་འབྲེལ་ཟམ་དེ་བས་མང་བ་བསྐྲུན་ནས་འབྱུང་འགྱུར་ལ་ཁ་ཕྱོགས་པའི་གཏམ་རྒྱུད་གསར་པ་དེ་བས་མང་བ་རྩོམ་བཞིན་ཡོད།

    ཆུས་ཀྲོའུ་སློབ་འབྲིང་གཉིས་པར་སླེབས་སྐབས་2015ལོའི་ཟླ་9པར་ཀྲུང་ཨའི་མཛའ་གྲོགས་མི་སྣས་ཐུན་མོང་ཐོག་བཙུགས་པའི“མཛའ་གྲོགས་ལྗོན་ཤིང”ལ་ལོ་འདབ་རབ་ཏུ་རྒྱས་ཡོད་པ་དང་། ལྗོན་ཤིང་འགྲམ་གྱི་རྡོ་རིང་སྟེང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་སྐད་ཆ་སྟེ“‘ཏུའུ་ལི་ཐེའི་གློ་བུར་གྱི་འཇབ་རྒོལ’ངོ་མཚར་མུ་མཐུད་བརྒྱུད་སྤྲོད་བྱས་ནས་ཀྲུང་ཨའི་མཛའ་གྲོགས་ཀྱི་ལེའུ་གསར་པ་བརྩམས”ཞེས་པ་བརྐོས་ཡོད། 2016ལོ་ནས་བཟུང་ཏུའུ་ལི་ཐེའི་གློ་བུར་གྱི་འཇབ་རྒོལ་བྱེད་མཁན་གྱི་བུ་ཕྲུག་མཐུན་ཚོགས་ཀྱིས་ཆུས་ཀྲོའུ་སློབ་འབྲིང་གཉིས་པར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གཏན་འཁེལ་དང་འབྲེལ་ཏུའུ་ལི་ཐེའི་བྱ་སྤྱོད་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་དབྱིན་ཡིག་གི་རྩོམ་བསྡུའི་འགྲན་བསྡུར་སྒྲིག་འཛུགས་བྱས་ཏེ། སློབ་མའི་སེམས་ནང་ཞི་བདེར་དགའ་བའི་ས་བོན་བཏབ་པ་རེད། འདི་ལོའི་རྩོམ་བསྡུའི་འགྲན་བསྡུར་གྱིས་སློབ་མ་མང་པོའི་ཡིད་དབང་བཀུག་ཡོད། ཆུས་ཀྲོའུ་སློབ་འབྲིང་གཉིས་པའི་མཐོ་རིམ་ལོ་རིམ་གཉིས་པའི་འཛིན་གྲྭ(14)ཡི་ཧུའུ་ཝུན་ཤིན་ལ་ད་ཐེངས་ཀྱི་རྩོམ་བསྡུའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཁོང་གིས“གཞོན་ནུ་ཞིག་ཡིན་པའི་ངོས་ནས་ང་ཚོས་དམག་འཁྲུག་ནང་བྱུང་བའི་ཀྲུང་གོའི་དམག་དམངས་དང་ཨ་རིའི་འཕུར་སྐྱོད་པའི་མཛའ་གྲོགས་མ་བརྗེད་པ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།