ཐོན་ལས་དར། གྲོང་གསེབ་མཛེས། ཞིང་པ་ཕྱུག
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་གྱིས་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་བཀོད་པ།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་ཆུ་བཟང་གྲོང་ཚོ་ནི་བོད་ལུགས་གསོ་རིག་གི་སྲོལ་གཏོད་མཁན་གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་ཡུལ་རེད། དེར་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཆུ་བཟང་ཆུ་ཚན་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཚོ་དེས་ཏང་གི་དམངས་ཕན་སྲིད་ཇུས་ཁག་གི་རྒྱབ་སྐྱོར་འོག་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལྗང་མདོག་སྐྱེ་ཁམས་གནས་འཕྲོད་ཀྱི་གྲོང་གསེབ་བཏོད་པས། གྲོང་ཚོའི་རྣམ་པ་ཉིན་བཞིན་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་ནས་སྐྱེ་ཁམས་བཟང་བ་དང་མང་ཚོགས་ཕྱུག་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།
ཆུ་བཟང་གྲོང་ཚོར་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་བྱུང་བ་དེ་བདེ་ཆེན་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། བདེ་ཆེན་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཐད་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། གསར་གཏོད་དོན་གཉེར་བྱེད་པ། དངོས་གཉེར་གྱི་སྙིང་སྟོབས་དང་འབད་འབུངས་ཡར་བརྩོན་བཅས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་ཐོན་ལས་དར་ཞིང་རྒྱས་པ་དང་ཁོར་ཡུག་མཛེས་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་ཡོད།
ཆུ་བཟང་གྲོང་ཚོ་འདི་ཉིད་བདེ་ཆེན་གྲོང་རྡལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རུ་སྣེ་འཁྲིད་མཁན་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་། འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ལོ་རེ་ལས་མ་འདས་པར་མང་དུ་འགྲོ་གི་ཡོད། 2023ལོར། དུས་བབ་གསར་པ་དང་འཚམ་པར་བྱས་ནས་ཡུལ་སྐོར་བའི་ལུས་གསོའི་དགོས་མཁོ་སྐོང་ཆེད། བདེ་ཆེན་གྲོང་རྡལ་གྱིས་སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་རྒྱབ་སྐྱོར་འོག ལས་རིགས་སྡེ་ཚན་གྱི་སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་ཆུ་ཚན་གྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་བའི་རྨང་གཞིའི་ཐོག ཆུ་བཟང་གྲོང་ཚོའི་གྲོང་གསེབ་ཀྱི་ཡུལ་སྐོར་དམངས་སྲོལ་གནས་ཚང་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ཡོད། རྣམ་གྲངས་ལ་རགས་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་ཁྲི་5309.59བཏང་བ་དང་། ས་བཟུང་རྒྱ་ཁྱོན་མུའུ་58.78ཟིན་པ། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་8562.97ཟིན་ནས་མིག་སྔར་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་བཞིན་ཡོད་པ་རེད།
དེ་དང་དུས་མཚུངས། “སྨན་མཆོག་རྒྱལ་པོའི་ཕ་སའི”རིག་གནས་ཀྱི་ནང་དོན་སྔར་བས་སྔོག་འདོན་བྱས་ནས“སྨན་མཆོག་རྒྱལ་པོའི་ཕ་སའི”རིག་གནས་ཀྱི་སྤུས་རྟགས་བཏོད་ཅིང་། “སྨན་མཆོག་རྒྱལ་པོའི་ཕ་ས”དང་ཆུ་ཚན་གྱི་ལུས་གསོར་བརྟེན་ནས་གཡུ་ཐོག་ལུང་ཤུར་གྱི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་བ་དང་། “ཞིང་ཁྱིམ་སྤྲོ་སྐྱིད་ཁང”དང་། སྐྱེ་ཁམས་སྤྲོ་གསེང་། དམངས་སྲོལ་རིག་གནས་ཉམས་ལེན་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་གསར་སྤེལ་ཧུར་ཐག་བྱས་ཡོད། གྲོང་ཚོ་ཚང་མར་དཔུང་སྒྲིལ་རྣམ་པའི་འཕེལ་རྒྱས་བཏང་བ་བརྒྱུད། ཞིང་ལས་ཐོན་རྫས་ཕྱིར་ཚོང་དང་། ཞིང་ལས་ལྟ་སྐོར། རིག་གནས་ཉམས་ལེན། གྲོང་རྡལ་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་འཕེལ་རྒྱས་སོགས་ཀྱི་དཔལ་འབྱོར་གྱི་ལས་རྣམ་གསར་པ་གཏོད་པར་སྐུལ་ཁྲིད་བྱས་ནས་གྲོང་ཚོའི་མཉམ་སྡེབ་ཐོན་ཁུངས་གསར་སྤེལ་གྱི་ཡོང་འབབ་དང་གྲོང་རྡལ་གྱི་ཞབས་ཞུའི་གཉེར་སྐྱོང་ཡོང་འབབ་མང་དུ་བཏང་སྟེ་གནས་ཀྱིས་ཁྱོན་ཁྲིད་པའི་ཡུལ་སྐོར་ལས་རིགས་སྟོབས་ཆེར་བཏང་ཡོད།
“རང་འགུལ་དམག་འཐབ”ཡག་པོ་རྒྱག་པ་དང་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་ལས་རྣམ་གསར་པའི་དཔེ་སྟོན་རྣམ་གྲངས་ཏེ། སྨན་མཆོག་རྒྱལ་པོའི་སྦྲང་གསོའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཧུར་ཐག་བཏང་ཞིང་། རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་བདེ་ཆེན་གྲོང་རྡལ་གྱིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ལྷོ་ཁའི་སྦྲང་གསོའི་རྣམ་གྲངས་ལ་རྟོག་ཞིབ་བྱས་ཏེ་སྔ་རྗེས་སུ་རྣམ་གྲངས་རིགས་པས་ཁུངས་སྐྱེལ་ཚོགས་འདུ་ཐེངས་4འཚོགས་ནས་རྣམ་གྲངས་ལག་བསྟར་བྱེད་ཐུབ་མིན་ལ་དབྱེ་ཞིབ་བྱས་པ་དང་། གྲོང་ཚོར་བཅའ་སྡོད་གནས་སྐབས་ཏང་ཀྲི་པུའུ་དང་མཉམ་ལས་བྱས་ནས་རྣམ་གྲངས་ལག་བསྟར་བྱ་ཆེད་རྨང་བརྟན་དམངས་ཕན་གྱི་འགྲོ་གྲོན་བརྩོན་ལེན་ཧུར་ཐག་བྱས་པ་རེད།
ཕྱོགས་མང་པོའི་གྲ་སྒྲིག་འོག་2023ལོའི་ཟླ་7པར་བདེ་ཆེན་གྲོང་རྡལ་གྱིས་ཁག་དང་པོར་ནང་འདྲེན་བྱས་པའི་སྦྲང་སྒམ་30ཡི་སྦྲང་རྩི་འཚོལ་བསྡུའི་ཚོད་ལྟའི་ལས་དོན་གྲོང་ཚོ་6ལ་ཁྱོན་ཡོངས་ནས་སྤེལ་ཞིང་། དཔུང་སྒྲིལ་རྣམ་པའི་འཕེལ་རྒྱས་ལ་བརྟེན་ནས་གྲོང་ཚོ་6གི་མཉམ་སྡེབ་སྒྲིག་འཛུགས་བྱས་ནས་སྨན་མཆོག་རྒྱལ་པོའི་སྦྲང་གསོའི་དཔེ་སྟོན་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་བས་སྦྲང་སྒམ་རེ་ནས་ལོ་རེར་སྦྲང་རྩི་སྤྱི་རྒྱ་30ཐོན་པའི་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། མིག་སྔར་རྣམ་གྲངས་དེར་སྟོད་ལུང་བདེ་ཆེན་ཆུས་ཨུད་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་ནས་་འདུན་ཞུའི་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་རེད།
གཞན་ཡང་། གཟན་རྩྭའི་ལས་རིགས་འཕེལ་རྒྱས་འགྲོ་འགོར་བ་དང་ཞིང་འབྲོག་པའི་གཟན་རྩྭའི་དགོས་མཁོ་སྐོང་དཀའ་བའི་དངོས་ཡོད་གནད་དོན་ལ་དམིགས་ཏེ། བདེ་ཆེན་གྲོང་རྡལ་ཏང་ཨུད་ཀྱིས་རང་འགུལ་ངང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་ནས། ཆུ་བཟང་གྲོང་ཚོའི་ད་ཡོད་ཀྱི་གསོ་ཚགས་ར་བར་རིམ་སྤོར་སྒྱུར་བཀོད་བྱས་ཏེ་ཆུ་རྩྭ་འདེབས་འཛུགས་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ཡོད། རྣམ་གྲངས་དེ་གང་མགྱོགས་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་ཆེད། སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཐེངས་4འཚོགས་ནས་རྣམ་གྲངས་འདུན་ཞུའི་ལས་དོན་ལ་སྐུལ་འདེད་བཏང་བ་མ་ཟད། འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་དུ་ཆུ་རྩྭ་ཐོན་སྐྱེད་ལག་རྩལ་ལ་རྟོག་ཞིབ་བྱེད་པར་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་རྩྭ་འདེབས་འཛུགས་རྣམ་གྲངས་ཀྱིས་ད་ཡོད་ཀྱི་སྨི་ངོས་གྲུ་300ཡི་སར་རིམ་སྤོར་སྒྱུར་བཀོད་བྱས་པ་མ་ཟད། ད་དུང་ཆུ་རྩྭའི་ལངས་གཟུགས་འདེབས་འཛུགས་ཀྱི་དྲོད་ཁང་ཆེན་པོ་ཞིག་བསྐྲུན་རྒྱུ་རེད། མིག་སྔར། རྣམ་གྲངས་དེའི་འཛུགས་སྐྲུན་འཕེལ་རིམ་40%ཙམ་ཟིན་པ་དང་། ཁང་ཕྱིའི་ཞོར་གཏོགས་ལས་གྲྭ་སྤྱིར་ན་ལེགས་གྲུབ་ཟིན་པ། ཁང་ནང་གི་ལས་གྲྭ་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད་པ་རེད།