དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྨན་བཅོས་ཚོཌ་པའི་ཐུགས་ཁུར་གཟབ་བཞེས་ལས། མང་ཚོཌ་མང་པོའི་ནད་ཀྱི་སྡུག་བསྔལ་བསལ།

    —— དཔལ་འབར་རྫོང་གི་གྲུམ་བུ་ཚིགས་ཆེན་གྱི་ནད་པ་མང་པོར་སྒོ་འགྲམ་དུ་རིན་མེད་སྨན་བཅོས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-26

    འདི་ནི་སྨན་པས་དཔལ་འབར་རྫོང་གི་གྲུམ་བུ་ཚིགས་ཆེན་གྱི་ནད་པར་གཤགས་བཅོས་བྱེད་བཞིན་པ།

    ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མི་དམངས་སྨན་ཁང་ནད་སྡོད་ཚན་ཁག་གི་ནད་ཁང་དུ་གྲུམ་བུ་ཚིགས་ཆེན་གྱི་ནད་པ་ལྷ་མོ་སྒྲོལ་དཀར་གྱིས་མི་འཕྲད་རིམ་བཞིན་སེམས་འགུལ་ཆེན་པོས“དེ་སྔ་དུས་ཡུན་ཅུང་རིང་པོ་ལངས་ཚེ་ན་ཟུག་ཆེན་པོ་གཏོང་གི་འདུག་པས་ཞིང་ལས་བྱ་རྒྱུ་སེམས་ཐག་རེད། གཤགས་བཅོས་བྱས་པ་བརྒྱུད་ད་ཆ་གོམ་པ་སྤོ་སྐབས་སྣང་དག་མེད་པ་མ་ཟད་སྨན་པས་དྲག་སྐྱེད་ཡག་པོ་བྱུང་རྗེས་སྒོར་གཞས་ཀྱང་འཁྲབ་ཐུབ་ཀྱི་རེད”ཅེས་གསུངས་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད།

    ལྷ་མོ་སྒྲོལ་དཀར་གྱིས་བཤད་པའི་གཤགས་བཅོས་དེའི་མིང་ལ་པུས་མོའི་ལྷ་ང་བརྗེ་བའི་གཤགས་བཅོས་ཟེར་བ་དང་དེ་ནི་མིག་སྔར་གྲུམ་བུ་ཚིགས་ཆེན་ནད་སྨན་བཅོས་བྱེད་ཐབས་ཡག་ཤོས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གྲུམ་བུ་ཚིགས་ཆེན་ནད་ནི་ས་གནས་རང་བཞིན་གྱི་རུས་ཚིགས་ནད་ཅིག་ཡིན་ཞིང་། གཙོ་བོ་ས་ཁུལ་ཁག་གཅིག་གི་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ཏེ། ནད་གཞི་ཡང་བའི་རིགས་ལ་རྐང་ལག་བཞིའི་རུས་ཚིགས་སྦོམ་དུ་འགྲོ་བ་དང་བཟོ་ལྟ་འགྱུར་བ་དང་། འགུལ་སྐྱོད་བྱེད་སྐབས་ན་ཟུག་གཏོང་གི་ཡོད། ནད་གཞི་ཚབས་ཆེ་རིགས་ཡིན་ཕྱིན་ངལ་རྩོལ་ནུས་པ་རྦད་དེ་ཤོར་བའམ་ཅུང་ཟད་ཉམས་ཏེ་མི་དམངས་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་དང་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད།

    དཔལ་འབར་རྫོང་ནི་གྲུམ་བུ་ཚིགས་ཆེན་ནད་ཐོན་མང་བའི་ས་ཁུལ་ཞིག་རེད། དེ་སྔ་ནད་པ་ལྷ་ས་དང་ཆབ་མདོར་སྨན་བཅོས་བྱེད་པར་བསྐྱོད་པའམ་ཡང་ན་བོད་སྐྱོར་ལས་དོན་རུ་ཁག་གི་མཐུན་སྦྱོར་འོག་ཞིང་ཆེན་དང་གྲོང་ཁྱེར་གཞན་དུ་སྨན་བཅོས་བྱེད་པར་སྐྱོད་དགོས་ཀྱི་ཡོད།

    “2022ལོའི་ལོ་སྨད་དུ་ང་གཤམ་སྐྱོད་བྱེད་སྐབས་ས་གནས་འདིའི་གྲུམ་བུ་ཚིགས་ཆེན་གྱི་ནད་པ་མང་པོ་ཞིག་ལ་དུས་ཐོག་ཏུ་སྨན་བཅོས་ནུས་ལྡན་ཐུབ་མེད་པ་ཤེས་རྟོགས་བྱུང་། འདྲི་རྩད་བྱས་རྗེས་ཁོང་ཚོས་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ཏུ་སྨན་བཅོས་བྱེད་པར་བསྐྱོད་ཚེ་སྐད་བརྡ་མི་འཕྲོད་པ་དང་ས་མི་གོམས་པ་སོགས་ཀྱི་གནད་དོན་ཐད་སེམས་ཁྲལ་བྱེད་ཀྱི་འདུག ཁོང་ཚོ་རྐང་པ་འཁྱོག་ནས་འགྲོ་བའི་རྣམ་པ་མཐོང་སྐབས་སེམས་པ་སྐྱོ་ནས་རུས་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་དཔལ་འབར་དུ་གདན་དྲངས་ཏེ་ས་གནས་དེ་གའི་ནད་པར་གཤགས་བཅོས་བྱ་རྒྱུའི་བསམ་བློ་འཁོར་བྱུང”ཞེས་དཔལ་འབར་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་རྫོང་དཔོན་གཞོན་པ། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ལིན་ཧྥུའུ་ཆོན་གྱིས་གསར་འགོད་པར་རང་གི་ཐོག་མའི་བསམ་ཚུལ་གླེང་།

    སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་དང་། སྐྱོབ་བཅོས་ལམ་སྲོལ་འཛུགས་པ། སྨན་བཅོས་ཚོགས་པ་འཛུགས་པ་ལ་སོགས་ལིན་ཧྥུའུ་ཆོན་གྱིས་བྱ་སྤྱོད་གང་མགྱོགས་སྤེལ་བ་དང་། རོགས་སྐྱོར་མངགས་གཏོང་ཚན་པའི་རོགས་རམ་ཧུར་ཐག་ཐོབ་པ་བྱས་པ། འབྲེལ་ཡོད་སྡེ་ཚན་གྱིས་གྲུམ་བུ་ཚིགས་ཆེན་ནད་སྨན་བཅོས་བྱེད་སའི་དམིགས་བཙུགས་སྨན་ཁང་འཛུགས་པའི་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད།

    “དཀའ་ངལ་ཆེ་ཤོས་ནི་ཤེས་ལྡན་པའི་གནད་དོན་རེད། གྲུམ་བུ་ཚིགས་ཆེན་གྱི་ནད་སྨན་བཅོས་བྱེད་སའི་དམིགས་བཙུགས་སྨན་ཁང་འཛུགས་པར་ངེས་པར་དུ་རང་རྐྱ་འཕེར་བའི་ངང་རུས་ཚིགས་བརྗེ་བའི་གཤགས་བཅོས་བྱེད་ཐུབ་པའི་ལག་རྩལ་རྐང་འཛིན་པ་དགོས་ཀྱི་ཡོད”ཅེས་ལིན་ཧྥུའུ་ཆོན་གྱིས་བཤད། དེའི་ཕྱིར། ཁོང་གིས་ཀྲང་ཀྲོའུ་གྲོང་ཁྱེར་སྨན་ཁང་དང་འབྲེལ་བ་ཐེངས་མང་བྱས་ཏེ། ཁོང་ཚོར་རུས་ཚིགས་ཚན་ཁག་གི་སྨན་པ་ཞིག་འདེམས་མངགས་བྱ་རྒྱུའི་རེ་ཞུ་བྱས། ཀྲང་ཀྲོའུ་གྲོང་ཁྱེར་སྨན་ཁང་གིས་ལས་དོན་དེར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་2023ལོའི་ཟླ་5པར་རུས་ཚིགས་འབྲས་སྐྲན་ཚན་ཁག་གི་གཙོ་བཅོས་སྨན་པ་དཀའ་བཅུ་པ་གཞོན་པ་ཁང་ཅཱ་ཞང་དཔལ་འབར་རྫོང་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་པར་མངགས་པ་རེད།

    དང་ཐོག་ཁང་ཅཱ་ཞང་གི་ནང་མིས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། “ཕྱོགས་གཅིག་ནས་ཁོང་ཚོས་ང་ས་མཐོར་འཕྲོད་མིན་ལ་སེམས་ཁྲལ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ངའི་བུ་ཆུང་བ་ལོ་གཉིས་ལ་སླེབས་ཙམ་ཡིན་པས། ངའི་བཟའ་ཟླས་བུ་ཕྲུག་ལ་ལྟ་རྟོག་ཡག་པོ་བྱེད་ཐུབ་མིན་ལ་སེམས་ཁྲལ་བྱེད་ཀྱི་ཡོད། ས་གནས་དེ་གའི་ནད་པར་ང་ཧ་ཅང་དགོས་མཁོ་ཆེན་པོ་ཡོད་ཅེས་ཁོང་ཚོར་ཡང་ཡང་བཤད་ནས་བསམ་བློའི་ལས་དོན་མང་པོ་བསྒྲུབས་མཐར་ནང་མིས་གཞི་ནས་མོས་མཐུན་བྱས་བྱུང”ཞེས་ཁང་ཅཱ་ཞང་གིས་བཤད།

    དཔལ་འབར་རྫོང་དུ་སླེབས་རྗེས་ཁང་ཅཱ་ཞང་གིས་གང་མགྱོགས་ལས་ཀར་ཞུགས་པ་རེད། དཔལ་འབར་རྫོང་མི་དམངས་སྨན་ཁང་གི་རོགས་རམ་འོག་ཁང་ཅཱ་ཞང་དང་ས་གནས་དེ་གའི་སྨན་པ་དཀའ་བཅུ་པ་ཚོས་མི་ལྔ་ཡི་སྨན་བཅོས་ཚོགས་པ་ཞིག་བཙུགས་པ་རེད།

    ནད་པར་ཁྱིམ་གྱི་སྒོ་རྩར་རིགས་གཅིག་མཁས་ཅན་རིམ་པའི་སྨན་བཅོས་ཞབས་ཞུ་གང་མགྱོགས་ལོངས་སུ་སྤྱོད་ཐུབ་ཆེད། རྫོང་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་གང་ལེགས་བྱས་མཐར་བརྩོན་འགྲུས་ལྡན་ན་མི་འགྲུབ་བྱ་བ་མེད་ཅེས་པ་ལྟར། 2023ལོའི་ཟླ་9ཚེས་7ཉིན་དཔལ་འབར་རྫོང་གི་གྲུམ་བུ་ཚིགས་ཆེན་གྱི་ནད་སྨན་བཅོས་བྱེད་སའི་དམིགས་བཙུགས་སྨན་ཁང་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་བ་དང་། གཏམ་བཟང་དེ་དཔལ་འབར་རྫོང་གི་ཤང་དང་གྲོང་ཚོ་ཚང་མར་ཁྱབ།

    2023ལོའི་ཟླ་9ཚེས་22ཉིན་ནི་དཔལ་འབར་རྫོང་གི་གྲུམ་བུ་ཚིགས་ཆེན་གྱི་ནད་པ་ཚོའི་ངོས་ནས་བརྗོད་ན་བཀྲ་ཤིས་པའི་ཉིན་མོ་ཞིག་རེད། ཉིན་དེར་དཔལ་འབར་རྫོང་གི་གྲུམ་བུ་ཚིགས་ཆེན་གྱི་ནད་སྨན་བཅོས་བྱེད་སའི་དམིགས་བཙུགས་སྨན་ཁང་གིས་གྲུམ་བུ་ཚིགས་ཆེན་གྱི་ནད་པར་དངོས་སུ་སྨན་བཅོས་བྱེད་འགོ་ཚུགས་པ་རེད།

    དཔལ་འབར་རྫོང་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་དབྱངས་ཅན་རྡོ་རྗེ་ནི་སྨན་བཅོས་ཚོགས་པའི་ཁོངས་མི་གཙོ་བོའི་གྲས་ཤིག་ཡིན་པ་དང་ཁོང་གིས་གསར་འགོད་པར“ང་ཚོའི་སྨན་ཁང་འདི་ཉིད་གྲུམ་བུ་ཚིགས་ཆེན་གྱི་ནད་སྨན་བཅོས་བྱེད་སའི་དམིགས་བཙུགས་སྨན་ཁང་དུ་བསྒྱུར་རྗེས། གཟའ་འཁོར་རེའི་གཟའ་ཟླ་བ་ནས་གཟའ་སྤེན་པའི་བར་གྲུམ་བུ་ཚིགས་ཆེན་གྱི་ནད་པར་གཤགས་བཅོས་བྱེད་པ་དང་སྤྱིར་ན་ཉིན་རེར་ནད་པ་1ནས་2བར་བཀོད་སྒྲིག་བྱེད་ཀྱི་ཡོད། སྐབས་རེ་གཟའ་ཉི་མར་ཡང་གཤགས་བཅོས་བྱེད་ཀྱི་ཡོད། ང་ཚོས་བསྡོམས་རྩིས་བྱས་པ་བརྒྱུད། མིག་སྔར་གཤགས་བཅོས་བྱེད་འདོད་ཡོད་པའི་ནད་པ་300ལྷག་ཙམ་ཟིན་གྱི་འདུག”ཅེས་བཤད།

    གཤགས་བཅོས་བྱས་ཟིན་པའི་ནད་པའི་ན་ཟུག་ཇེ་ཆུང་དུ་སོང་བ་དང་འགུལ་སྐྱོད་ཀྱང་སྟབས་བདེ་རུ་ཕྱིན་ནས་འཚོ་བའི་སྤུས་ཚད་དེ་བསྟུན་གྱིས་ལེགས་སུ་ཕྱིན་ཡོད། སྨན་བཅོས་ཚོགས་པའི་ལག་རྩལ་ཁྱད་དུ་འཕགས་པ་ཡོད་སྟབས། ལྷ་ས་དང་མངའ་རིས་སོགས་ས་ཁུལ་གྱི་ནད་པའང་དཔལ་འབར་རྫོང་དུ་གྲུམ་བུ་ཚིགས་ཆེན་ནད་སྨན་བཅོས་བྱེད་པར་ཡོང་གི་ཡོད།

    ད་ལོའི་ཟླ་4ཚེས་22ཉིན་བར་དཔལ་འབར་རྫོང་མི་དམངས་སྨན་ཁང་གིས་གྲུམ་བུ་ཚིགས་ཆེན་གྱི་ནད་པ་123ལ་རིན་མེད་སྨན་བཅོས་བྱས་པ་དང་གཤགས་བཅོས་ལེགས་གྲུབ་བྱུང་ཚད་100%ཟིན་ཡོད།

    “ནད་པས་འཁར་རྒྱུག་དང་འགྲོ་སྐྱོད་རམ་འདེགས་ཡོ་ཆས་བཟུང་སྟེ་གདོང་ལས་འཛུམ་མདངས་འཕྱུར་བཞིན་དུ་སྨན་ཁང་ནས་དོན་པ་མཐོང་སྐབས་ངའི་ཐོག་མའི་གདམ་ག་དེ་ཡང་དག་པ་ཞིག་ཡིན་པ་ཤེས་བྱུང”ལིན་ཧྥུའུ་ཆོན་གྱིས། ངས་ནུས་ཤུགས་ཡོད་རྒུས་ལས་དོན་དེ་ཁྱབ་གདལ་གཏོང་བ་དང་འབྲེལ། འདི་ལོའི་ཟླ་8པའི་ཟླ་མཇུག་གོང་དཔལ་འབར་རྫོང་གི་གྲུམ་བུ་ཚིགས་ཆེན་གྱི་ནད་པ་ཚང་མར་སྨན་བཅོས་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

    མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་ཏང་གི་སྲིད་ཇུས་རབ་དང་རིམ་པའི་ཐུགས་ཁུར་དང་ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་དང་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱི་ཐུན་མོང་འབད་བརྩོན་འོག འབྱུང་འགྱུར་ལྷ་མོ་སྒྲོལ་དཀར་དང་འདྲ་བའི་གྲུམ་བུ་ཚིགས་ཆེན་གྱི་ནད་པ་དེ་བས་མང་བ་མང་ཚོགས་གཞན་དང་མཉམ་དུ་སྦོ་དགྱེད་དགྱེད་ངང་གོམ་ཞེང་ཆེན་པོས་དུས་རབས་གསར་པའི་ལམ་བུར་ཞུགས་ཏེ་འཚོ་བ་གསར་པའི་དགའ་བདེའི་དཔལ་ལ་རོལ་ཐུབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།