དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-26

    ཟླ་4ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་སྟེ། སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་སྔར་བས་ཆགས་པར་བྱེད་པར་སྤྱིའི་བླང་བྱ་བཏོན་གནང་བ་དང་། ཁ་ཕྱོགས་གསལ་སྟོན་གནང་བ་མ་ཟད། ཐབས་དོན་ཇུས་འགོད་ཀྱང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུའི་ཐོག་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་ཤུགས་རྒྱག་ས་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་འཕེལ་རྒྱས་བཏང་ནས་ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་མྱུར་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས“སློབ་གྲྭ་དང་ས་གནས་མཉམ་ལས”ལ་བརྟེན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། བོད་ལྗོངས་ཞིང་འབྲོག་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་བྱམས་པ་གཡང་འཛོམས་ཀྱིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ། ཐོན་སློབ་སྲིད་ཞིབ་མཉམ་འདྲེས་འབྲེལ་ཐག་ཏུ་བྱེད་པ་དང་། ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གཞན་སྒྱུར་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ནས་དང་། མ་རྨོས་ལོ་ཏོག པད་ཁ། བོད་ཕག བོད་སྨན་སྨན་རྒྱུ། སྐྱེ་ཁམས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཁྱད་ལྡན་ཐོན་ལས་ཞིབ་འཇུག་མངོན་གསལ་དོད་དུ་གཏོང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་བའི་ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་པ། ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་ཀྱི་དེང་རབས་ཅན་གྱི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་གླིང་སྣ་ཚོགས་དང་། མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ། རྒྱལ་སྒྲོལ་དཔལ་འབྱོར་མཉམ་ལས་ཁུལ་བཅས་ཀྱི་བཀོད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།

    2022ལོར་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འདི་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་ཚུན། བོད་ཀྱི་མཐའ་མཚམས་སྒོ་དབྱེའི་ལས་སྟེགས་ཐོག་མར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་སྐྱིད་གྲོང་འགག་སྒོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ། སྐྱིད་གྲོང་ནས་རི་ཟུར་བར་གྱི་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་མཉམ་ལས་ཁུལ་གྱི་སྙན་ཞུའི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་རྗེས། ནེ་པ་ལའི་གཟན་རྩྭ་དང་ཀྲུང་ལུགས་སྨན་རྒྱུ་སྔ་རྗེས་སུ་ནང་འདྲེན་བྱས་པ་དང་། ལྗོངས་ཡོངས་ཀྱི་འཕྲུལ་ཆས་བཟོ་སྐྲུན་གྱི་ཁེ་ལས་ཐོག་མ་དེ་ཉིད་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ལོ་རེའི་ཐོན་འབབ་རིན་ཐང་སྒོར་ཁྲི་2000ལས་བརྒལ་རྒྱུ་རེད། མིག་སྔར་སྐྱིད་གྲོང་རྒྱལ་ཁབ་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་གྱི་སྙན་ཞུའི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ལོ་འདིའི་ནང་ཆོག་མཆན་ཐོབ་རེ་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁྲི་སྟོང་གི་འདུ་འགོད”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་སྟངས་གཏོད་དགོས་ཞེས་ནན་བཤད་གནང་ཡོད།

    2024ལོར་མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱིས“ཁྲི་སྟོང་གི་འདུ་འགོད”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་ས་མཐོའི་ཞི་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་ཏེ། ལས་ཀའི་དམིགས་ཚད་ཁ་གསལ་བཟོས་པ་དང་། ལག་བསྟར་བྱ་ཐབས་གཏན་འཁེལ་བྱས་པ། ས་མཐོའི་ཞི་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་10འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཀོད་ཅིང་། མིག་སྔར་རྣམ་གྲངས་1ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་1.85དོན་འཁྱོལ་བྱས་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་ཁ་ཕྱོགས་གསལ་པོ་བསྟན་ཡོད” མངའ་རིས་ས་ཁུལ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅ་ཁྲུན་ཤང་གིས“གོམ་སྟབས་རྗེས་མར་ང་ཚོས‘ཁྲི་སྟོང་གི་འདུ་འགོད’ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་གཙོ་རྐང་དུ་བྱེད་པ་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། སྟོབས་ཤུགས་གཅིག་སྡུད་ཀྱིས་ཞིང་འབྲོག་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་དོན་དངོས་ཁག་གཅིག་བསྒྲུབ་ཀྱི་ཡིན”ཞེས་བཤད།

    2023ལོར་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་རོགས་རམ་འོག སྙན་རོང་རྫོང་གིས“ཐཱན་མེད”མཛེས་སྡུག་ལྡན་པའི་གྲོང་གསེབ་ཚོད་ལྟའི་འཛུགས་སྐྲུན་དང་རྫོང་ཧྲིལ་པོའི་ཁང་པའི་ཐོག་ཁར་ཁྱབ་པའི་འོད་ཤུགས་རྣམ་གྲངས་ལག་བསྟར་བྱས་པ་ལས། འཚོ་བའི་མ་གནས་གྲོན་ཆུང་ཐུབ་ནས་མི་སེར་ལ་ཕན་པ་དངོས་ཐོབ་པ་དང་། འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་འཕོ་འགྱུར་འགྲོ་རྒྱུར་སྐུལ་འདེད་ཐེབས་པ། བོད་བྱང་ཐང་དུ་གྲོང་གསེབ་དར་རྒྱས་གཏོང་བར་ལག་ལེན་བསྟར་ཆོག་པའི་ཐབས་ལམ་འཚོལ་ཞིབ་ཐུབ་ནས་བོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ནུས་རྒྱུ་གསར་པ་ཁྱབ་པའི་རྣམ་གྲངས་འཕེལ་རྒྱས་གཏོང་བར་དཔེ་མཚོན་དང་དཔེ་སྟོན་གྱི་ནུས་པ་ལྡན་ཡོད། པའེ་མིང་གིས“ང་ཚོས‘ཁྲི་སྟོང་གི་འདུ་འགོད’ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ནན་ཏན་བྱས་ཏེ། སྙན་རོང་རྫོང་གི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས། ཁྱད་ཆོས་དང་ལེགས་ཆ་བཅས་ལ་གཞིགས་ནས་དུས་འགོའི་རྨང་གཞིའི་ཐོག “ཐཱན་མེད”མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་གི་ཡིན། སྒོར་ཁྲི་700ཙམ་བཏང་ནས་ས་འོག་ཚ་ནུས་རིག་གནས་ཡུལ་སྐོར་དང་ས་འོག་ཚ་ནུས་རིག་གནས་ཡུལ་སྐོར་གྱི་འོད་ཤུགས་གློག་འདོན་ལ་རམ་འདེགས་བྱེད་པ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་དེ་མང་ཚོགས་ལ་གློག་དང་དྲོད་རླངས་མཁོ་འདོན་བྱེད་པ་ནས་ཐོན་ལས་དར་རྒྱས་དང་ལྗང་མདོག་ནུས་རྒྱུ་ཟུང་འབྲེལ་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་སྟངས་གཏོད་པ། འབྲོག་ཁུལ་གྱི་ནུས་རྒྱུའི་གསར་བརྗེར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ནུས་རྒྱུའི་སྒུལ་ཤུགས་མཁོ་འདོན་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།