དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མི་རབས་ནས་ མི་རབས་བར་རྒྱུན་མཐུད་ཡོང་བར་བྱེད་དགོས”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཧྥུང་།   |     སྤེལ་དུས།  2024-04-25

    འདི་ནི་རོགས་ཟླ་ཀྲུང་གོ་བའི་གཞོགས་འདེགས་འོག་ཨ་རིའི་སློབ་འབྲིང་སློབ་མར་གསོན་ཉམས་དོད་པའི་རྒྱའི་སྐད་ཡིག་གི་སློབ་ཚན་འཚོག་བཞིན་པ།

    ཉེ་དུས་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཧོའེ་ཐེ་སྒྱུ་རྩལ་ལྟེ་གནས་སུ“ཀྲུང་གོའི་བག་ཆགས”ཞེས་པའི་མི་རིགས་ཀྱི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་ཤིག་གཉེར་བཞིན་ཡོད་པ་དང་འཁྲབ་སྟོན་པ་ནི་ཧྲི་ཅ་ཀྲོང་གི་ཕྱི་རྒྱལ་སྐད་ཡིག་སློབ་གྲྭའི་སློབ་མ་རེད། ལྟད་མོ་བའི་ཁྲོད་ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་ཡི་མཱ་སི་ཁ་ཐིང་སློབ་འབྲིང་གི་སློབ་མ་ཁྱུ་གཅིག་གིས་བློ་རྩེ་གཅིག་སྒྲིམ་ངང་ཁོང་ཚོ་དང་ན་མཉམ་གྱི་ཀྲུང་གོའི་སློབ་མའི་འཁྲབ་སྟོན་ལ་ལྟ་བཞིན་དུ་ཟབ་ཅིང་གཏིང་དཔོག་པར་དཀའ་བའི་ཀྲུང་གོའི་རིག་གནས་ལ་ཧང་སངས་པར་གྱུར།

    འདི་ནི་ད་ལོ་མཱ་སི་ཁ་ཐིང་སློབ་འབྲིང་གིས་སློབ་མ་སྒྲིག་འཛུགས་བྱས་ནས་ཀྲུང་གོར་འཚམས་འདྲིར་ཡོང་ཐེངས་གཉིས་པ་ཡིན་པ་རེད། 2023ལོའི་ཟླ་11པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་གནང་རིང་། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་5ཡི་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱེད་འདོད་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཁུར་འོག་ད་ལོའི་ཟླ་དང་པོར་རྣམ་གྲངས་དེའི་ཀྲུང་གོར་ཡོང་བའི་ཨ་རིའི་སློབ་འབྲིང་སློབ་མ་ཁག་དང་པོ་ཡིན་པའི་མཱ་སི་ཁ་ཐིང་སློབ་འབྲིང་གི“མཛའ་གྲོགས་རྒྱུན་འཛིན”ཞིབ་སྦྱོང་ཚོགས་པའི་སློབ་མ་20ལྷག་ཙམ་ཀྲུང་གོར་སྤེལ་རེས་དང་འཚམས་འདྲིར་སླེབས་ཡོད། ཟླ་4ཚེས་17ཉིན་སློབ་གྲྭ་དེའི་སློབ་མ་32ཀྲུང་གོར་སླེབས་རྗེས། པེ་ཅིང་དང་ཧོ་པེ་རུ་ཞིབ་སྦྱོང་གི་བྱེད་སྒོ་རབ་དང་རིམ་པར་ཞུགས་རྗེས་ད་དུང་ཧྲང་ཧའེ་རུ་སྤེལ་རེས་ལ་བསྐྱོད་རྒྱུ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་མཱ་སི་ཁ་ཐིང་སློབ་འབྲིང་གི་སློབ་མ་ཚོས་ཀྲུང་གོར་ཡོང་བ་ལས་ང་ཚོས་ཀྲུང་གོ་མྱོང་ཚོར་ཆེན་པོ་ཐུབ་བྱུང་ལ་ཀྲུང་གོའི་ན་མཉམ་ཚོ་དང་ཕན་ཚུན་རྒྱུས་ལོན་དང་འཆམ་མཐུན་ངང་ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱེད་རྒྱུ་བྱུང་ཞེས་བཤད།

    “ཀྲུང་གོར་ཡོང་ནས་ཀྲུང་གོར་རྒྱུས་མངའ་གཏིང་ཟབ་ལོན་པར་བྱེད་དགོས”

    “དུས་ཚོད་ཐུང་ཐུང་དེ་འདྲ་ཞིག་གི་ནང་ཀྲུང་གོར་ཞིབ་སྦྱོང་དུ་ཐེངས་གཉིས་ཡོང་བ་དེ་ཐོག་ནས་ཞིབ་སྦྱོང་ཚོགས་པ་ཁག་དང་པོ་ཀྲུང་གོར་བསྐྱོད་པར་གྲུབ་འབྲས་ཡག་པོ་ཐོབ་པ་མཐོང་ཐུབ”མཱ་སི་ཁ་ཐིང་མཐོ་རིམ་སློབ་འབྲིང་གི་སློབ་སྤྱི་རུའེ་ཨན·སི་ཁེ་ཐེ·ཁཱ་སིར་གྱིས་གསར་འགོད་པར“ཁག་དང་པོའི་སློབ་མས་ཀྲུང་གོར་དགའ་ཞེན་ཡོད་བཞིན་དུ་ཨ་རིར་ལོག་པ་དང་། ཀྲུང་གོར་བསྐྱོད་པ་ལས་ཁོང་ཚོས་དངོས་ཡོད་དང་རླབས་ཆེན་གྱི་རྒྱལ་ཁབ་ཅིག་དངོས་སུ་མཐོང་ཡོད། དུས་ཐུང་ཉིན་འགའི་ཞིབ་སྦྱོང་ལས་སློབ་མ་ཚོའི་སེམས་ནང་ཧང་སངས་པ་དང་། དེ་ལས་ཁོང་ཚོའི་མི་ཚེ་ཧྲིལ་པོའི་འགྲུལ་བཞུད་ལ་་འགྱུར་ལྡོག་ཀྱང་འགྲོ་སྲིད། ཁག་གཉིས་པའི་ཞིབ་སྦྱོང་ཚོགས་པ་སྒྲིག་འཛུགས་བྱེད་སྐབས། ཁོང་ཚོའི་ཁྲོད་ནས་མང་པོ་ཞིག་གིས་སླར་ཡང་མིང་ཐོ་བཀོད་ཀྱི་འདུག ངས་སློབ་སྤྱིའི་དབང་ཆར་བརྟེན་ནས་ཁོང་ཚོ་རྒྱལ་ནང་དུ་མི་འཇོག་ཀ་མེད་བྱུང་། གང་ལགས་ཤེ་ན། མཱ་སི་ཁ་ཐིང་གི་ཕྲུ་གུ་དེ་བས་མང་བ་ཞིག་གིས་ཀྲུང་གོར་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།

    ད་ཐེངས་ཀྱི་ཞིབ་སྦྱོང་ཚོགས་པ་དང་མཉམ་དུ་ཀྲུང་གོར་ཡོང་བའི་ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་མཛའ་གྲོགས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ལུའུ་ཁཱ·པེ་ལུང་གིས“ཨ་རི་ནས་མ་ཐོན་གོང་། ངས་ཕྲུ་གུ་ཚོར་གནམ་གྲུ་ནས་བབས་མ་ཐག་ཤོག་བུ་སྣུམ་ཟོས་བཞིན་ཤེས་བྱ་གསར་པ་བསྡུ་ལེན་དང་ཀྲུང་གོའི་མཁའ་རླུང་གང་འདོད་ལྟར་འབྱིན་རྔུབ་དང་ཀྲུང་གོའི་ཞིམ་ཟས་གང་འདོད་ཀྱིས་མྱོང་རོལ་བྱེད་དགོས་པ་དང་། ཉེ་འགྲམ་གྱི་མི་དང་སྤེལ་རེས་ཀྱི་གོ་སྐབས་ལ་དམ་འཛིན་བྱེད་དགོས། ཀྲུང་གོར་སླེབས་ཟིན་པ་ནས་བཟུང་ཀྲུང་གོར་རྒྱུས་མངའ་གཏིང་ཟབ་ལོན་པར་བྱེད་དགོས”ཞེས་བརྗོད། ཨའེ་ཨའོ་ཝ་ཀྲོའུ་དང་ཀྲུང་གོ་དང་ལྷག་པར་དུ་ཧོ་པེ་ཞིང་ཆེན་དབར་གྱི་མཛའ་གྲོགས་འགྲོ་འོང་དེ་ཐོག་མའི་ཞིང་ལས་མཉམ་ལས་ནས་སློབ་གསོ་དང་རིག་གནས་སོགས་མི་ཆོས་རིག་གནས་སྣ་ཚོགས་ཀྱི་ཁྱབ་ཁོངས་བར་རྒྱ་ཆེར་ཕྱིན་པ་དེ་ནི་མི་རབས་ཁ་ཤས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པའི་གྲུབ་འབྲས་ཤིག་ཡིན་ལ་དེ་ལས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་ཟབ་ཏུ་གཏོང་བའི་འདུན་པ་དྲག་པོ་ཡང་མཚོན་གྱི་ཡོད། “རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་སྤེལ་རེས་དང་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས་ཡིན་པ་ངར་ཡིད་ཆེས་ཡོད”ཅེས་པེ་ལུང་གིས་བརྗོད།

    “སླད་ཕྱིན་གོ་སྐབས་བྱུང་ཚེ་ངས་ནང་མི་ཁྲིད་ནས་སླར་ཡང་ཀྲུང་གོར་ཡོང་གི་ཡིན”

    ཨའེ་ཨའོ་ཝ་ཀྲོའུ་དང་ཧོ་པེ་ཞིང་ཆེན་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ད་ལོ་ནི་ས་གནས་གཉིས་དབར་མཛའ་གྲོགས་ཞིང་ཆེན་དང་ཀྲོའུ་ཡི་འབྲེལ་བ་བཙུགས་ནས་ལོ་41འཁོར་བའི་ལོ་ཞིག་རེད། ད་ཐེངས་མཱ་སི་ཁ་ཐིང་སློབ་འབྲིང་གི“མཛའ་གྲོགས་རྒྱུན་འཛིན”ཞིབ་སྦྱོང་ཚོགས་པའི་སྣེ་ལེན་བྱེད་མཁན་ཧྲི་ཅ་ཀྲོང་ཕྱི་རྒྱལ་སྐད་ཡིག་སློབ་གྲྭས་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་སློབ་མར་གཅིག་གཏད་གཅིག་གི“ཆ་སྒྲིག”བྱས་ཏེ་ཨ་རིའི་སློབ་མ་གནམ་གྲུ་ནས་བབས་མ་ཐག་ཁྱིམ་དུ་ལོག་པའི་ཚོར་སྣང་ཡོང་བར་བྱས་པ་མ་ཟད། ད་དུང་ཀྲུང་གོའི་གནའ་རབས་ཀྱི་སྙན་ངག་སློབ་སྦྱོང་དང་། ཕིང་ཕང་སྤོ་ལོ་ཉམས་ལེན། ཅའོ་ཙི་བཟོ་བ། གྲོགས་པོ་རྙིང་པས་གཏམ་རྒྱུད་བརྗོད་པ་ཉན་པ། མཛའ་གྲོགས་སྡོང་པོ་མཉམ་དུ་འཛུགས་པ། མཚན་མོ་ཀྲེང་ཏིང་གནའ་གྲོང་སྐོར་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་ཉམས་ལེན་བྱེད་སྒོ་མང་པོ་གྲ་སྒྲིག་བྱས་ཡོད།

    ལོ་17ལ་སླེབས་པའི་ཁོའོ་ལིན་ནི་ལུས་རྩལ་བརྡར་པ་ཞིག་ཡིན་པ་དང་ཆུ་རྐྱལ་མཁས་པོ་ཡོད། ཕིང་ཕང་སྤོ་ལོའི་ཉམས་ལེན་སློབ་ཚན་ཐོག་རྩལ་ཁྲིད་པ་གྲགས་ཅན་ཀྲུང་གོའི་ཕིང་ཕང་སྤོ་ལོའི་རུ་ཁག་ཨོ་རྩལ་འགྲན་ཚོགས་ཀྱི་བློ་འདྲི་ཚོགས་ཆུང་གི་ཁོངས་མི་ལུའུ་ཡོན་ཧྲེང་གིས་མཛུབ་ཁྲིད་བྱས་པ་བརྒྱུད། ཁོའོ་ལིན་ཕིང་ཕང་སྤོ་ལོ་རྒྱག་ཤེས་པར་གྱུར། ཁོའོ་ལིན་གྱིས་ཉིན་ཤས་རིང་ཀྲུང་གོའི་ན་མཉམ་ཚོ་དང་སྤེལ་རེས་བྱས་པ་བརྒྱུད། ཚང་མའི་མཐུན་ཆ་དེ་མི་མཐུན་པའི་ཆ་ལས་མང་བ་ཡོད་པ་ཤེས་རྟོགས་བྱུང་ཡོད། “ང་ཚོ་ཚང་མ་སློབ་སྦྱོང་ལ་དགའ་པོ་ཡོད་པ་མ་ཟད། འབད་བརྩོན་ཡང་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་ཁོངས་མི་འདྲ་ཡང་ཕན་ཚུན་རྒྱུས་མངའ་ལོན་རྗེས་ང་ཚོའི་དབར་མཐུན་ཆ་ཧ་ཅང་མང་པོ་འདུག”ཅེས་ཁོའོ་ལིན་གྱིས་བརྗོད།

    “མཛའ་གྲོགས་དང་མཉམ་ལས་ཀྱི་ས་བོན་ཁོང་ཚོའི་སེམས་ཀྱི་ཞིང་སར་རྩ་བ་ཚུགས་ནས་མྱུ་གུ་འབུས་ངེས་ཡིན་པའི་ཡིད་ཆེས་ཡོད”

    “མཛའ་གྲོགས་ལ་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་དགོས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་དགོས་པ་དང་ལྷག་པར་དུ་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་སྤེལ་རེས་བྱེད་ཟབ་ཏུ་གཏོང་དགོས། ཨ་ཀྲུང་འབྲེལ་བའི་རེ་བ་དེ་མི་དམངས་ལ་ཐུག་པ་དང་། རྨང་གཞི་དམངས་ཁྲོད་དུ་གནས་པ། འབྱུང་འགྱུར་ན་གཞོན་ལ་ཐུག་ཡོད་པ། གསོན་ཤུགས་ས་གནས་ལ་ལྡན་ཡོད། གཞོན་ནུ་ཚོ་འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་རྐང་འཛིན་མི་སྣར་འགྱུར་རྒྱུ་རེད། ཀྲུང་གོའི་རིག་གནས་ལ་སློབ་སྦྱོང་དང་རྒྱུས་མངའ་ལོན་པར་བྱས་པ་བརྒྱུད། མཛའ་གྲོགས་དང་མཉམ་ལས་ཀྱི་ས་བོན་ཁོང་ཚོའི་སེམས་ཀྱི་ཞིང་སར་རྩ་བ་ཚུགས་ནས་མྱུ་གུ་འབུས་ངེས་ཡིན་པ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་ལ་སྐུལ་འདེད་དེ་བས་ཡག་པོ་ཐུབ་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་མཐུད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཨའེ་ཨའོ་ཝ་ཀྲོའུ་མཛའ་གྲོགས་ཨུ་ཡོན་ལྷན་ཁང་ཧོ་པེ་ཡན་ལག་ཚོགས་པའི་ཀྲུའུ་ཞི་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ཀྲུང་གོ་བ་ཀྲང་ཝེ་ཧྲན་གྱིས་གསར་འགོད་པར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།