ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གོང་རིམ་གྱིས་གཤམ་འོག་གི་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང(རྒྱ་ཆེ)གི་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་པ། ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འཚོགས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་ཞིབ་འཇུག་དང་ལྟ་ཀློག་ཞིབ་ཚགས་བྱས་པ་དང་། “འགག་རྩའི་ཉུང་ཤས”ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་། སློབ་སྦྱོང་ལ་སྐུལ་ཁྲིད། སློབ་སྦྱོང་ལ་སྐུལ་འདེད་བཅས་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་བརྡ་རྟགས་གསལ་པོ་རྒྱུན་ཆད་མེད་པར་བཏང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་ལ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། “ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ཡག་པོ་བྱས་ནས་སྤེལ་ཏེ་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཁྲིད་སྟོན་དང་འགོ་ཁྲིད་ལས་བྱེད་པས་དབང་ཆའི་ལྟ་བ་ཡང་དག་བཙུཊ་ཏེ་དྲང་གཞག་ངང་དབང་ཆ་སྤྱོད་པ་དང་།
ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཆེད་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་ལ་ལྟ་སྐུལ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
མིག་སྔར་རང་ལྗོངས་འདི་ཉིད“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད། དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ཆེ་བའི་འགན་འཁྲི་དང་ལས་འགན་དང་། མདུན་སྐྱོད་ཀྱི་ལམ་བུའི་ཐོག་གི་འགྲན་སློང་སྣ་ཚོགས་ལ་དམིགས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་སྒྲིག་ཁྲིམས་སྲུང་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཚུགས་གནས་དེ་བས་མཐོ་བ་དང་། ཚད་གཞི་དེ་བས་མཐོ་བ། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་སུ་གཏིང་ཟབ་ཟུག་པ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་བ། སྒྲིག་ཁྲིམས་དམ་པོར་བརྟེན་ནས་བོད་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཛུབ་ཁྲིད་ཀྱི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་བྱེད་དགོས།
བསམ་བློའི་ཚད་གཞི་ཡང་དག་བཟོ་བ་དང་དམིགས་ཚད་ལས་འགན་ཁ་གསལ་བཟོ་བ་ནི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི“གཏན་འཁེལ་གཉིས”ལ་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་དགོས་ངེས་ཀྱི་བླང་བྱ། ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་བཅས་ཡིན་པས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་ཚད་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་དམིགས་ནས་བགྲོ་གླེང་སློབ་སྦྱོང་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་ནི་གང་དག་ཡིན་པ་གསལ་པོར་ཤེས་པ་དང་། གང་ཞིག་བྱེད་རུང་བ་དང་གང་ཞིག་བྱེད་མི་རུང་བ་གསལ་པོར་རྟོགས་པ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་གཏོང་བ། སྒྲིག་བཀུར་ཁྲིམས་སྲུང་སེམས་ལ་བརྟན་པོར་ངེས་པ་དང་གཏམ་སྤྱོད་ཀྱི་ཚད་གཞི་ནང་སེམས་རྒྱུད་ལ་འཇགས་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱེད་དགོས།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་ལ་ཟུག་པ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་བར་ངེས་པར་དུ་གཙོ་གནད་ཁ་གསལ་དང་གནད་སྨིན་ཤུགས་འདོན་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ་དང་། ཏང་ཡོན་ལས་བྱེད་པ་ཁག་གཅིག་ལ་ཏང་གི་སྒྲིག་ཁྲིམས་སེམས་ལ་མི་འཇོག་པ་དང་། རྒྱུས་མངའ་མེད་པ། ཁོང་དུ་མ་ཆུད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ནས། མི་སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ས་བཅད་རེ་རེ་བཞིན་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་དང་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཞིབ་འཇུག་དང་ལྟ་ཀློག་ཞིབ་ཚགས་དང་། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱས་ཏེ། བཞེད་དོན་གྱི་དོན་སྙིང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ཁྲོད་ཀྱི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་གལ་ཆེ་ཤོས་དང་། ཆེས་རྩ་བ། ཆེས་འགག་རྩ་བཅས་ཀྱི་སྒྲིག་ཁྲིམས་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གྱི་རྩ་འཛིན་དམ་འཛིན་ལྷོད་མེད་བྱེད་པ་དང་། ཏང་ཡོན་ལས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཀྱི་རྩ་བ་དེ་དམ་པོར་འཛིན་པར་ཁྲིད་སྟོན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་གསལ་ཤེས་པ་ཞིག་བྱེད་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ་ཏང་ཡོན་ལས་བྱེད་པ་རང་ཉིད་དང་། འགན་འཁྲི། ལས་ཀ་བཅས་དེའི་ནང་ཞུགས་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། 《སྲོལ་ཡིག》དང་བསྡུར་ནས་མི་འདང་ས་འཚོལ་བ་དང་དག་ཐེར་དོན་འཁྱོལ་ཏན་ཏིག་བྱེད་དགོས།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་སུ་ཟུག་པ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་བར་ངེས་པར་དུ་ཕུགས་ལ་དམིགས་པ་དང་ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་དགོས། སྤྱི་འདོམས་ལྟ་རྟོག་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སོགས་དང་ཟུང་འབྲེལ་བྱེད་པ་དང་། སྒྲིག་ཁྲིམས་སློབ་གསོ་རྒྱུན་གཏན་སྒྲུབ་པ་དང་། རྒྱུན་དུ་ནས་དམ་འཛིན། རྒྱུན་གཏན་ནང་མཉམ་འདྲེས་བཅས་ཡོང་བར་བྱེད་པ། ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དགོངས་གཞི་ནན་པོ་དང་། བྱ་ཐབས་ནན་པོ། རྣམ་པ་ཟབ་མོ་བཅས་ཡུན་རིང་མཐའ་འཁྱོངས་བྱེད་པ། འགན་འཁྲིའི་ཐད་འབྲེལ་ཐག་ཧྲིལ་པོ་དང་། དོ་དམ་ཐད་དུས་འཁོར་ཧྲིལ་པོ། བྱ་ཡུལ་ཐད་ཁྱོན་ཡོངས་ལ་ཁྱབ་པ་བཅས་མཐའ་འཁྱོངས་བྱེད་པ། ལམ་ལུགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་མགོ་ནས་མཇུག་བར་ཁྱབ་པ་དང་འབྲེལ་མཐུད་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པར་སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམ་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་དངོས་འབྲེལ་ཐུབ་པར་སྐུལ་མ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་དངོས་ཕན་དོན་གཉེར་བྱེད་པ་དང་ཕྱི་ཚུལ་རིང་ལུགས་སྤོང་དགོས། སྒྱིད་ལུག་གི་སྤྱོད་ཚུལ་འཛིན་པ་དང་། ཁྲལ་འཁྱོལ་སླ་བཅོས། རྣམ་པ་ཙམ་སྒྱུར་བ་སོགས་ཀྱི་གནད་དོན་ལ་ཆད་པ་ནན་པོ་གཅོད་པ་དང་། དཔྱད་ཞིབ་ལས་ཀའི་ཁྲོད་འཁྲི་འགན་རིམ་སྣོན་དང་། ལས་ཡུད་ཆེན་པོ་ཤོད་པ། གཞི་རིམ་གྱི་ལས་ཀའི་ཁུར་པོ་ལྕི་རུ་གཏོང་བ་སོགས་ཀྱི་གནས་ཚུལ་སྔོན་འགོག་ནན་པོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་གཤིས་ཀྱི་བློ་སྦྱོང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ལ་དངོས་འབྲེལ་འགྱུར་བར་བྱེད་དགོས།
རིན་ཐང་གི་ཐབས་ལམ་ཐད་ཀྱི་རྩ་བ་བརྟན་དུ་བཏང་བ་ནས་ལམ་ལུགས་ཀྱི་ཐབས་ལམ་ཐད་ཀྱི་སྒྲིག་སྲོལ་གསལ་པོ་བཟོ་བ། དེ་ནས་ལག་ལེན་གྱི་ཐབས་ལམ་ཐད་ཀྱི་མི་ཚང་མའི་རང་རྟོགས་བཅས་ཀྱི་བར་ཐོག་མཐའ་བར་གསུམ་དུ་ཤེས་སྤྱོད་གཅིག་གྱུར་གྱི་འདུ་ཤེས་ཁྱབ་པ་དང་། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་ཡོད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ནས་ང་ཚོས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། རང་རྟོགས་ཀྱིས་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་ཡོ་བསྲང་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཁག་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་ཐབས་ནུས་ལྡན་ལ་འགྱུར་བར་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ལས་བྱུང་བའི་སྒུལ་ཤུགས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་འགྱུར་བར་བྱེད་དགོས།