དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱིས་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྣ་ཚོགས་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-25

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཨུད་དྲིལ་བསྒྲགས་པུས་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་དུ“ཏང་འཛུགས་སྐྱོང་གིས་དཔེ་ཀློག་ལ་ཁྲིད་སྟོན་བྱེད། ཤེས་དཔལ་དར་ནས་མཉམ་ཤུགས་ཆགས”—“ཤེས་དཔལ་དར་བའི་མལ་གྲོ”ཞེས་པའི་དཔེ་ཀློག་མཉམ་སྤྱོད་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁ་རག་ཤང་གི་མང་ཚོགས་ཀྱིས་ཞིང་ཁྱིམ་དཔེ་ཁང་དུ་དཔེ་དེབ་ཀློག་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་སྐྱིད་འཕེལ་སྡེ་ཁུལ་གྱིས“ཁྱིམ་ཚང་སློབ་གསོ་དང་སེམས་ཁམས་ཟུར་ཁྲིད”ཟུང་འབྲེལ་གྱི་བརྗོད་དོན་གཙོ་བོའི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་འཚོག་བཞིན་པ།

    འདི་ནི་གྲོ་མོ་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་གྲོ་མོ་འགག་སྒོ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག“ཤེས་དཔལ་དར་བའི་མཐའ་མཚམས”ཞེས་པ་བརྗོད་དོན་གཙོ་བོའི་དཔེ་ཀློག་མཉམ་སྤྱོད་བྱེད་སྒོ་སྤེལ་བཞིན་པ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གི“གཞོན་ནུ་ལོ་ཆུང་གི་དཔེ་ཀློག་འདུ་ཚོགས”བྱེད་སྒོ་སྤེལ་ཡུལ་ཡིན་པ།

    དཔྱིད་དྲོད་སླེབས་ནས་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པའི་ནམ་དུས་ནི་དཔེ་ཀློག་གི་དུས་ཚོད་ཡག་པོ་ཞིག་རེད། འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་29པ་འཆར་མཚམས་སུ། གངས་ལྗོངས་ས་མཐོར་དཔེ་ཀློག་གི་བྱེད་སྒོ་སྣ་ཚོགས་རྒྱུན་ཆད་མེད་པར་སྤེལ་ནས་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་ལ་མཁས་པ་བཅས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་བཏང་བ་རེད།

    ཟླ་4ཚེས་23ཉིན། རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ལག་ལེན་རྟེན་གཞིས་མཉམ་དུ“བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་སྐྱོད་པ”དང“ང་ཚོའི་གཏམ་རྒྱུད”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འདམ་གཞུང་རྫོང་གི་སློབ་ཆུང་སློབ་མའི་སྣེ་ཁྲིད་དེ་དཔེ་མཛོད་ཁང་དུ་ལྟ་སྐོར་དང་མཉམ་སྤྱོད་ཚོགས་འདུ་ཉན་པ་རེད།

    “ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་དཔེ་དེབ་གཡར་མཁན་ལོ་རེ་བཞིན་མང་དུ་སོང་བ་དང་ལྷག་དོན་དུ་རིག་གནས་དང་། ལོ་རྒྱུས། ཡུལ་སྐོར་སོགས་ཀྱི་དཔེ་དེབ་ལ་ཀློག་པ་པོས་དགའ་པོ་བྱེད་ཀྱི་འདུག གཞན་ཡང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ད་དུང‘བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་སྐྱོད་པ’དང་། ‘ཨ་ཅག་གིས་སྒྲུང་བཤད་པ’‘དཔེ་མཛོད་ཁང་གི་དོ་དམ་པ་ཆུང་ཆུང’‘དཔེ་ཀློག་ལས་ཁྱེད་ལ་འོད་སྣང་སྦྱིན’སོགས་ཀྱི་བྱེད་སྒོ་སྤེལ་བར་བྱིས་པ་ཀློག་པ་པོ་དང་མིག་ཤེད་ཉམས་པའི་ཀློག་པ་པོ་མང་པོ་ཞིག་དཔེ་མཛོད་ཁང་དུ་དཔེ་དེབ་ཀྱི་འཇིག་རྟེན་ལ་རོལ་བར་ཡོང་ཡོད། སླད་ཕྱིན་ང་ཚོས་ད་དུང་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དཔེ་ཀློག་ཁྱབ་གདལ་བྱེད་སྒོ་དེ་བས་མང་བ་སྤེལ་ནས་དཔེ་ཀློག་གི་རྣམ་པ་དེ་བས་ཟབ་ཏུ་གཏོང་གི་ཡིན”ཞེས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུས་དེབ་ལྟ་ཀློག་པུའི་ཀྲུའུ་རེན་དབྱངས་ཅན་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པ་རེད།

    ཟླ་4ཚེས་22ཉིན། རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་གིས་ལྷ་སའི་སློབ་གྲྭ་འབྲིང་ཆུང་8དུ“དཔེ་ཀློག་ལ་རོལ། ཕུགས་འདུན་འགྲུབ་པར་འབད”ཅེས་པའི་སློབ་གྲྭར་དཔེ་དེབ་ཀློག་པའི་བྱེད་སྒོ་སྤེལ་ནས་གྲགས་ཅན་རྩོམ་པ་པོ་ལི་ཝུའེ་དབྱི་གདན་དྲངས་ཏེ་མི་དང་སྲོག་ཆགས་འཆམ་མཐུན་མཉམ་གནས་ཀྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད། ཟླ་4ཚེས་22ཉིན། གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་2024ལོའི“དཔེ་དེབ་ཀྱི་དྲི་བསུང་། ལང་ཚོར་སྤྲོ་སྣང་སྦྱིན”ཞེས་པའི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་སྤེལ་རེས་བྱེད་སྒོ་གཉེར་བ་རེད། སློབ་གསོའི་ལས་དོན་པ་དང་། རྩོམ་པ་པོ། གཞོན་ནུ་ལོ་ཆུང་སློབ་མའི་འཐུས་མི་བཅས་270ལྷག་ཙམ་མཉམ་དུ་འཛོམས་ནས་སློབ་སྦྱོང་དང་། འཚོ་བ། ལས་ཀ གསར་རྩོམ་སོགས་ཀྱི་ཐད་ནས་སོ་སོའི་དཔེ་ཀློག་གི་མྱོང་ཚོར་གླེང་སྟེ་གཞོན་ནུ་ལོ་ཆུང་ཚོར་དཔེ་དེབ་རྒྱུན་འཁྱོངས་བཀླགས་ནས་དཔེ་ཀློག་ཁྲོད་རྒྱུན་ཆད་མེད་པར་འཚར་ལོངས་ཡོང་བར་སྐུལ་ལྕག་བཏང་བ་རེད། ལེགས་བཤད་ལ་བལྟས་ནས་དཔེ་དེབ་ཀྱི་མིང་ཐིག་མིན་ལྟ་བ”དང“སྙན་ཚིག་འགྲན་བསྡུར”སོགས་མཉམ་འགུལ་གྱིས་བྱེད་སྒོ་འཁྲུག་ཆ་ཧ་ཅང་དོད་དུ་སོང་ནས་ཚང་མར་བག་ཕེབས་དང་དགའ་སྤྲོའི་རྣམ་པའི་ཁྲོད་དཔེ་ཀློག་གི་སྤྲོ་སྣང་ཚོར་བ་རེད།

    འཛམ་གླིང་དཔེ་ཀློག་ཉིན་མོ་29པ་འཆར་མཚམས་སུ། ཉིང་ཁྲི་གྲོང་ཁྱེར་གྱིས“དམངས་ཡོངས་དཔེ་ཀློག་ལ་བརྩོན། རིག་གནས་ཀྱིས་ཕྱུག་པའི་ཉིང་ཁྲི”ཞེས་པའི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུའི་བྱེད་སྒོ་སྐབས་བཞི་པ་གཉེར་བར་གྲོང་ཁྱེར་ཡོངས་ཀྱི་དཔེ་ཀློག་ལ་དགའ་པོ་བྱེད་མཁན་དང་མང་ཚོགས་སོགས་མི་150ལྷག་ཙམ་ཞུགས་ཡོད་པ་རེད། ཀློག་པ་པོ་5ཡིས་རྒྱུན་གཏན་གྱི་འཚོ་བ་དང་། ལས་ཀའི་ཉམས་མྱོང་། དཔེ་ཀློག་གི་མྱོང་ཚོར་བཅས་ལ་དམིགས་ནས་ཚང་མ་དང《ཨེར་ཀུའུ་ནཱ་གཙང་པོའི་གཡས་ངོགས》དང《ཕལ་པའི་འཇིག་རྟེན》སོགས་དཔེ་དེབ་གྲགས་ཅན་ངོ་སྤྲོད་བྱས་ཏེ་ཟུར་ཚད་མི་འདྲ་བའི་ཐོག་ནས་མྱོང་ཚོར་ལྷུག་པོར་གླེང་བ་རེད། ཉིང་ཁྲི་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་ཚེ་རིང་གིས་ལོང་བ་དགེ་སློབ་ཚོས་ཐུན་མོང་ཐོག་བརྩམས་པའི་རྩོམ་ཡིག་ཕྱོགས་བསྒྲིགས《རེ་བའི་འོད་སྣང》ཞེས་པ་མཉམ་སྤྱོད་བྱས་པར་ལྟད་མོ་བ་ཚོ་མོས་སེམས་མཉམ་དུ་སྐྱེས་པ་རེད།

    གཙང་གསུམ་ས་གཞི་ཆེན་པོར། ཆབ་མདོ་གྲོང་ཁྱེར་གྱིས་2024ལོར“དམངས་ཡོངས་ཀྱི་དཔེ་ཀློག་དར་སྤེལ་བཏང་སྟེ‘ཤེས་དཔལ་དར་བའི་ཆབ་མདོ”འཛུགས་སྐྲུན”དང“དཔེ་འཛར་ལྗང་ཁུའི་བྱ་སྤྱོད”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། དཔེ་འཛར་ལྗང་ཁུ་སྤྲོད་པ་དང་། སློབ་སྦྱོང་ཡོ་བྱད་སྤྲོད་པ། རིག་རྩལ་འཁྲབ་སྟོན་བྱེད་པ། དཔེ་དེབ་ཁེ་པོས་འགྲེམས་འཚོང་སོགས་ཀྱི་རྣམ་པ་བརྒྱུད་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཤེས་དཔལ་དར་བའི་རྣམ་པ་ཟབ་མོ་བཏོད་པ་དང་། མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས“ཤེས་དཔལ་དར་བའི་ཀྲུང་དབྱང་དངུལ་ཁང་གི་དཔེ་ཀློག་མཉམ་སྤྱོད”བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་ནས་ལས་བྱེད་པ་དང་ལས་བཟོ་11གིས་དཔེ་ཆ་བཀླགས་པའི་མྱོང་ཚོར་ལྷུག་པོར་གླེང་བ་རེད། བྱེད་སྒོར་ད་དུང་རི་མོར་བལྟས་ནས་དཔེ་དེབ་ཀྱི་མིང་ཐིག་མིན་ལྟ་བ་དང་རྩོམ་ཉན་ནས་དཔེ་དེབ་ཀྱི་མིང་ཐིག་མིན་ལྟ་བ་སོགས་མཉམ་འགུལ་ལྷུ་ཚིགས་ཀྱང་བཀོད་སྒྲིག་བྱས་ཡོད། ཆབ་མདོ་གྲོང་ཁྱེར་དཔེ་མཛོད་ཁང་གིས“དཔྱིད་ཀར་དཔེ་དེབ་བཀླགས་ནས་ཁྱེད་དང་མཉམ་སྤྱོད་བྱེད”ཅེས་པའི་ཕྱི་རོལ་གྱི་དཔེ་དེབ་འདུ་ཚོགས་ཇུས་འགོད་བྱས་པར་དཔེ་ཀློག་ལ་དགའ་པོ་བྱེད་མཁན་60ལྷག་ཙམ་ཞུགས་པ་རེད། དཔེ་ཀློག་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ལས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་མིར་དཔེ་ཀློག་ལ་དགའ་ཞེན་དང་གསུང་རབ་ལ་མྱོང་རོལ་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་པ་མ་ཟད། དཔེ་ཀློག་དེའང་ཚང་མའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་རེད།

    གཞིས་རྩེ་མུ་ཏིག་མཚེའུ་འགྲམ་དུ་2024ལོའི“ཤེས་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་དང་གཞིས་རྩེ་གྲོང་ཁྱེར་གྱི“ཤེས་དཔལ་དར་བའི་ཇོ་མོ་གླང་མ”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་ཚེས་23ཉིན་དངོས་སུ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་ཕུལ་བྱུང་འགྲེམས་འཚོང་དང་། དཔེ་དེབ་བརྗེ་རེས། ཁུང་ཙི་སློབ་ཁང་གི་ཕུལ་བྱུང་ཡིག་རིས་བརྩམས་ཆོས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དཔེ་ཀློག་གི་སྟོབས་ཤུགས་མངོན་པར་བྱས་ཏེ་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་ལ་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།