ཀྲུང་གོའི་དཔལ་འབྱོར་འགོ་ཡག་པོ་འཛུགས་པ་ནི་འཛམ་གླིང་ དཔལ་འབྱོར་གྱི་མཐུན་རྐྱེན་གལ་ཆེན་ཞིག་ཡིན་པ།
ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་། འགོ་བརྟན་པོ་འཛུགས་པ། བརྟན་ཐོག་ཡར་འཕེལ་བཅས་བྱུང་ནས་འགོ་ཡག་པོ་འཛུགས་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།
ཚེས་16ཉིན་ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཞིབ་རྩིས་བརྒྱབ་པ་བརྒྱུད། འདི་ལོའི་དུས་ཚིགས་དང་པོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འགྱུར་མེད་རིན་གོང་ལྟར་རྩིས་ན་དུས་མཚུངས་ལས་5.3%འཕར་ནས་ལོ་གོང་མའི་དུས་ཚིགས་བཞིའི་ཟླ་བསྡུར་ལས་1.6%འཕར་ཡོད། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་། འགོ་བརྟན་པོ་འཛུགས་པ། བརྟན་ཐོག་ཡར་འཕེལ་བཅས་བྱུང་ནས་འགོ་ཡག་པོ་འཛུགས་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་ནས་ཀྲུང་གོའི་དཔལ་འབྱོར་ལ“འགོ་འཛུགས་བཀྲ་ཤིས”དང“རྒྱུན་མཐུད་ངང་ཡིད་ཆེས་སླར་གསོ་བྱུང་བའི”ངོས་འཛིན་བྱས་པ་རེད།
མིག་སྔར་ཀྲུང་གོའི་དཔལ་འབྱོར་མུ་མཐུད་ལེགས་ཕྱོགས་སུ་བསྐྱར་འཕར་བྱུང་བར་འདེགས་སྐྱོར་བྱེད་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་གསོག་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལས་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པར་རྨང་གཞི་ཡག་པོ་བཏིང་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་དུས་ཚིགས་དང་པོའི་གྲུབ་འབྲས་ལ་ཞིབ་པར་བལྟས་ན། འཕར་ཚད་དང་། ལས་ཞུགས། དངུལ་ལོར་འགྲེམས་ཐལ་ཤོར་ཚུལ། རྒྱལ་སྤྱིའི་གཏོང་ཡོང་བཅས་གཞི་ཆེའི་སྟོན་གྲངས་ཆེན་པོ་བཞི་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱུང་ཞིང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་འཕར་ཚད་ལོ་གོང་མའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་1.5མཐོ་རུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་འཛད་རྫས་དང་ཞབས་ཞུའི་སིལ་ཚོང་དངུལ་འབོར་4.7%དང་10%སོ་སོར་འཕར་བ། ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་དུས་ཚིགས་6ཚུན་གྱི་ཟིན་ཐོ་གསར་པ་བཏོད་པ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.2%འཕར་ཡོད། ཉེ་དུས་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་དང་། ཀའོ་ཧྲེང་། མོ་ཀེན་ཧྲི་ཏན་ལི་སོགས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིས་འདི་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་དམིགས་ཚད་གཅིག་རྗེས་གཉིས་མཐུད་ངང་མཐོ་རུ་བཏང་ཡོད། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི《2024ལོའི་ཨེ་ཤེ་ཡའི་འཕེལ་རྒྱས་སྔོན་དཔག》སྙན་ཞུའི་ནང་འདི་ལོ་དང་སང་ལོར་ཀྲུང་གོས་ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་ཚད་ཀྱི་46%ལེགས་སྐྱེས་འབུལ་རྒྱུ་དང་མུ་མཐུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཆེ་ཤོས་འབུལ་མཁན་དཔལ་འབྱོར་དངོས་ཚན་ཡིན་པ་སྔོན་དཔག་བྱས་པ་རེད།
ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་བསྐྱར་འཕར་བྱུང་བ་ནི་འཛམ་གླིང་དཔལ་འབྱོར་གྱི་མཐུན་རྐྱེན་གལ་ཆེན་ཞིག་རེད། “ཀྲུང་གོའི་དཔལ་འབྱོར་1%འཕར་རིམ་བཞིན་ཀྲུང་གོ་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་དངོས་ཚན་ལ་0.3%འཕར་རྒྱུ་རེད”ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དབུ་བཞུགས་འཐུས་མི་པ་ནའེ་ཐེས་ཀྲུང་གོའི་དཔལ་འབྱོར་ནི་སྔར་བཞིན་འཛམ་གླིང་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་རེད། ཀྲུང་གོས་དུས་ཚིགས་དང་པོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དངུལ་འབོར་5.5%འཕར་ནས་མུ་མཐུད་གོ་ལ་ཧྲིལ་པོའི་ཚོང་དོན་འཕར་བའི་སྒུལ་ཤུགས་གལ་ཆེན་ལ་གྱུར་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ཡག་པོ་ཡོད་པས་རྒྱལ་སྒྲོལ་ཁེ་ལས་དེ་བས་མང་བ་གོ་སྐབས་སྔོག་འདོན་དང་མཉམ་ལས་འཚོལ་ཞིབ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད། རྒྱལ་སྒྲོལ་ཀུང་སིའི་འགན་འཁུར་བ་བརྒྱ་ལྷག་ཙམ་ཀྲུང་གོར་འཚམས་འདྲིར་བསྐྱོད་པ་དང་། འཛད་སྤྱོད་དངོས་མང་སྟོན་ཚོགས་སྐབས་བཞི་པས་རྒྱལ་ཁབ་དང་ས་ཁུལ་71གི་སྤུས་རྟགས་4000ལྷག་ཙམ་འགྲེམས་སྟོན་ནང་ཞུགས་པའི་ཡིད་དབང་བཀུག་པ། ཀོང་ཀྲོའུ་ཚོང་འདུས་སྐབས་135པའི་ཉིན་དང་པོར་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་6ལྷག་ཙམ་སླེབས་པ། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་ཀྲུང་གོར་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་ཀྱི་གྲངས་འབོར་དུས་མཚུངས་ལས་34.9%འཕར་ནས་ཉེ་བའི་ལོ་5ཡི་རིང་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་ཅེས་བརྗོད། འཇར་མན་པའོ་མ་ཚོགས་པའི་ཏུང་ཧྲི་ཀྲང་ཆི་ཕུའུ་ཚེ་ཡིས་ཀྲུང་གོ་ནི་པའོ་མ་ཚོགས་པའི་གོ་ལ་ཧྲིལ་པོའི་ཁྲོམ་ར་ཆེ་ཤོས་ཤིག་ཡིན་ལ་འབྱུང་འགྱུར་གྱི་ཁྲོམ་ར་གཙོ་བོའང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
དུས་སྐབས་ཤིག་རིང་རྒྱལ་སྤྱིའི་ཐོག་གི་སྐད་ཆ་ཁག་གཅིག་གིས་ཀྲུང་གོའི་དཔལ་འབྱོར་ལ་འཕྲད་པའི་འགྲན་སློང་རྐང་བཙུགས་ནས་ཆེ་རུ་བཏང་སྟེ“ཀྲུང་གོའི་དཔལ་འབྱོར་རྩེ་མོ་རྦབ་རིལ་སྨྲ་བ”ཟེར་བ་འུད་སྒྲོག་བྱས་པ་དེ་ནི་ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་གི་རྣམ་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་ལ་ནོར་འཁྲུལ་གྱི་ངོས་འཛིན་བྱས་པ་ཞིག་རེད། ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་། མཉེན་ཆ་ཆེ་བ། ལེགས་ཆ་མང་བ། གསོན་ཤུགས་འཕེལ་བ། མི་མངོན་པའི་སྟོབས་ཤུགས་མངོན་པ་བཅས་ཀྱི་ཁྱད་ཆོས་ཐོག་མཐའ་བར་གསུམ་དུ་འགྱུར་བ་བྱུང་མེད་ལ་ལེགས་ཕྱོགས་སུ་བསྐྱར་འཕར་བྱུང་བ་དང་ཡུན་རིང་ལེགས་ཕྱོགས་སུ་འགྲོ་བའི་འཕེལ་ཕྱོགས་ལའང་འགྱུར་བ་བྱུང་མེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཀྲུང་གོས་ཀྲུང་གོ་མི་དམངས་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་པ་བྱེད་རྒྱུ་མ་ཟད། འཛམ་གླིང་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།