ཀྲུང་གོའི་གསར་གཏོད་ཁག་70ལ་རི་ནེ་ཝའི་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་གྱི་གསེར་གྱི་བྱ་དགའ་ཐོབ་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། རི་ནེ་ཝའི་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་སྐབས་49པ་སུའེ་ཙེར་གྱི་རེ་ནེ་ཝར་མཇུག་འགྲིལ་ཞིང་། ཀྲུང་གོའི་འཐུས་མི་ཚོགས་པས་གསར་གཏོད་ཁག་197འཁྱེར་ནས་འགྲེམས་སྟོན་ནང་ཞུགས་པར་ཁྱོན་གསེར་གྱི་བྱ་དགའ་ཁག་70དང་དངུལ་གྱི་བྱ་དགའ་ཁག་97ཐོབ་ཡོད།
ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་སའི་གོ་ལ་དང་བར་སྣང་ཚན་རིག་སློབ་གླིང་གི“རླུང་ཁམས་ཆེན་པོའི་དཔྱད་གྲངས་མང་བའི་འོད་ཀྱི་གྲངས་རྡུལ་སྐུལ་འོད་ལེ་ཏའི་བརྟག་ཆས”རྣམ་གྲངས་ལ་གསེར་གྱི་བྱ་དགའ་ཐོབ་པ་མ་ཟད། སྐབས་འདིའི་གསར་གཏོད་འགྲེམས་སྟོན་གྱི་དམིགས་བསལ་བྱ་དགའི་གྲས་ཤིག་ཡིན་པའི“རེ་ནེ་ཝ་སྤྱི་མཐུན་རྒྱལ་ཁབ་དང་ཀྲོའུ་སྲིད་གཞུང་གི་བྱ་དགའ”ཡང་ཐོབ་ཡོད།
ཀྲུང་གོ་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་གི་འགྲེམས་ཞུགས་རྣམ་གྲངས་6ལ་གསེར་གྱི་བྱ་དགའ་5དང་དངུལ་གྱི་བྱ་དགའ་1ཐོབ་པ་དེ་གློག་ཤུགས་མ་ལག་གི་གློག་གཏོང་བ་དང་། འདྲེན་པ། བགོ་བ། སྤྱོད་པ་བཅས་ཕྱོགས་ཚང་མར་ཁྱབ་ནས། ཀྲུང་གོ་རྒྱལ་ཁབ་གློག་དྲ་ཀུང་སིས་གློག་ཤུགས་མ་ལག་གསར་པ་དང་གྲངས་རིག་ཅན་གྱི་གློག་དྲ་བརྟན་པོ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་གསར་གཏོད་གྲུབ་འབྲས་དང་ཚན་ཞིབ་སྟོབས་ཤུགས་ཆེན་པོ་མངོན་ཡོད།
ཐེན་ཅིན(མཚོ་འགྲམ)མིས་བཟོས་རིག་ནུས་གསར་གཏོད་ལྟེ་གནས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་དམིགས་བསལ་ཉེར་སྤྱོད་རྣམ་པར་ཕྱོགས་པའི་སྒྲ་བརྙན་མཉམ་འདྲེས་རིག་ནུས་ཉན་བྱེད་འཕྲུལ་ཆས་ལ་གསེར་གྱི་བྱ་དགའ་ཐོབ་པ་མ་ཟད། དམིགས་བསལ་བྱ་དགའ་ཡང་ཐོབ་ཡོད།