དུས་ཚིགས་དང་པོར་བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་བརྟན་པོ་བྱུང་བ།
དམིགས་ཚད་མང་པོ་ཞིག་གི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།
ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དུས་ཚིགས་དང་པོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཁོར་རྒྱུག་གནས་ཚུལ་ངོ་སྤྲོད་བྱས་པ་རེད། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་དམིགས་ཚད་ཁག་གི་ནང་དོན་ངོ་སྤྲོད་བྱས་པ་རེད།
རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཝང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚིགས་དང་པོར་རང་ལྗོངས་ཀྱི་དམིགས་ཚད་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ་དང་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དང་དམངས་ཁྲོད་ཀྱི་མ་དངུལ་འཇོག་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་604.31ཟིན་པ་དེ་དུས་མཚུངས་ལས་5.1%འཕར་བ་དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་17.37ཟིན་ནས་15.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་255.94ཟིན་ནས་10.9%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་331.00ཟིན་ནས་1.3%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12803ཟིན་པ་དེ་དུས་མཚུངས་ལས་6.7%འཕར་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་2764ཟིན་ནས་9.3%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་གྲངས་ནི་4.63ཡིན་པ་རེད།
ཝང་ཕིང་གིས་བརྗོད་དོན། སྤྱི་ཡོངས་ཆ་ནས་བལྟས་ན། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་པོ་ཡོད་ཅིང་། ཐོན་སྐྱེད་དང་མཁོ་སྤྲོད་རྒྱུན་མཐུད་འཕར་བ་དང་། ཁྲོམ་རའི་དགོས་མཁོ་བརྟན་པོའི་ངང་ཆེ་རུ་ཕྱིན་པ། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། འོན་ཀྱང་ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་ཁ་ཤས་འཕྲད་ཡོད་པས། རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བའི་རྨང་གཞི་ད་དུང་བརྟན་པོ་མེད་པ་ཡང་མཐོང་ཐུབ་པ་བྱེད་དགོས། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་དམིགས་ཚད་དང་། གནད་དོན། འབྲས་བུ་བཅས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན།