ཅ་དབན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ཕྱེད་རིང་འགྲུལ་སྐྱེལ་བྱེད་ཚད་ཆེས་ཆེར་འཕར་བ།
འདི་ནི་ཧིན་རྡུ་ཉི་ཞི་ཡའི་དབན་ལུང་གི་ཏེ་ཁཱ་ལུར་བབས་ཚུགས་ནས་པར་བླངས་པའི་ཅ་དབན་མྱུར་བགྲོད་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་གཉིས་ཡིན་པ།
འདི་ནི་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐའི་ཧ་ལི་མུའུ་བབས་ཚུགས་ཀྱི་མེ་འཁོར་སྒུག་སའི་ཚོམས་ཆེན་དུ་འགྲུལ་པ་བང་བསྒྲིགས་ནས་མེ་འཁོར་ནང་འཛུལ་རྩིས་བྱེད་བཞིན་པ།
འདི་ནི་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐའི་ཧ་ལི་མུའུ་བབས་ཚུགས་སུ་འགྲུལ་པས་སྤ་སེ་ལེན་ས་ནས་སྤ་སེ་ལེན་བཞིན་པ།
ཉེ་ཆར་ཅ་དབན་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་ལོ་ཕྱེད་སོང་རིང་རིམ་རྩིས་བརྒྱབ་ན། འགྲུལ་པ་མི་ཐེངས་ཁྲི་256སྐྱེལ་འདྲེན་བྱས་ནས་འགྲུལ་སྐྱེལ་བྱེད་ཚད་ཆེས་ཆེར་འཕར་ཡོད། ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚད་ཡོད་ཀུང་སིའི་གྲངས་གཞིར་གཞིགས་ན། 2023ལོའི་ཟླ་10ཚེས་17ཉིན་ཤར་གཏོང་ཐུབ་པ་ནས་བཟུང་ཅ་དབན་མྱུར་བགྲོད་ལྕགས་ལམ་བདེ་འཇགས་ངང་འཁོར་སྐྱོད་བྱས་ནས་ཟླ་བ་6སོང་བ་དང་ཁྱོན་ཤུགས་འགྲེམས་མེ་འཁོར་7050བཏང་ནས་བདེ་འཇགས་ངང་འགྲུལ་བཞུད་བྱེད་ཚད་སྤྱི་ལེ་ཁྲི་126ལྷག་ཙམ་ཟིན་ཡོད།
ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། ཧིན་རྡུ་ཉི་ཞི་ཡའི་ཡུལ་མི་རྣམས་ཕྱིར་སྐྱོད་སྟབས་བདེ་ཡོང་བར་ཞབས་འདེགས་ཞུ་ཆེད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བཀོད་སྐྱོད་བདག་སྐྱོང་མཉམ་འབྲེལ་སྒྲིག་གཞིས་མེ་འཁོར་གཏོང་བའི་ཇུས་གཞི་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཉིན་ལྟར་ཤུགས་འགྲེམས་མེ་འཁོར་གཏོང་ཚད་དེ་ཐོག་མའི་དུས་ཀྱི་མེ་འཁོར་14ནས་འགྲུལ་པ་མང་བའི་དུས་སུ་མེ་འཁོར་52བར་མང་དུ་བཏང་བ་དང་། རྐུབ་སྟེགས་8400ལྷག་ཙམ་ནས་31000ལྷག་ཙམ་བར་འཕར་བ། ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མང་ཤོས་ཀྱི་སྐབས་སུ་མི་ཐེངས་21537ཟིན་པ། འགྲུལ་པ་མང་ཤོས་སྐབས་ལ་99.6%ཟིན་གྱི་ཡོད་པ་རེད།
ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ནས་བསྐྲུན་པའི་ཅ་དབན་མྱུར་བགྲོད་ལྕགས་ལམ་གྱིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐ་དང་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་དབན་ལུང་འབྲེལ་མཐུད་བྱས་ནས་གྲོང་ཁྱེར་གཉིས་དབར་གྱི་འགྲུལ་བཞུད་དུས་ཚོད་དེ་སྔའི་ཆུ་ཚོད་3ལྷག་ཙམ་ནས་སྐར་མ་46བར་ཐུང་དུ་ཕྱིན་ཏེ་ཧིན་རྡུ་ཉི་ཞི་ཡའི་དམངས་ཚོགས་ཀྱི་འགྲོ་སྐྱོད་ལ་བདེ་འཇགས་དང་། ལྗང་མདོག ནུས་ཆེ། སྐྱིད་སྣང་བཅས་ལྡན་པ་ཡོང་བར་བྱས་ཡོད།