དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལྷ་རྩེ་རྫོང་གིས་ལོ་ཏོག་འདེབས་འཛུགས་ལ་གྲངས་འཛིན་ཅན་གྱི་མ་ལག་སྤྱད་པ།

    “གྲངས་གཞི་ཆེ་མོ་ལས་ང་ཚོས་ས་ཞིང་ཡག་པོ་འདེབས་པའི་གདེང་ཚོད་ཆེ་རུ་ཕྱིན་སོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2024-04-23

    དཔྱིད་ཟླ་གསུམ་པ་ནི་ལོ་ཏོག་འདེབས་པའི་དུས་ཚིགས་ཡག་ཤོས་ཡིན་ཞིང་། སྐྱ་མདའ་བཏང་མ་ཐག་ལྷ་རྩེ་རྫོང་དགེ་མདའ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་ལགས་ཁྱིམ་ནས་ཐོན་ཏེ་བྲེལ་འཚུབ་ངང་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཕྱོགས་སུ་བསྐྱོད།

    “ལོ་ཏོག་འདེབས་འཛུགས་བྱེད་ཆོག ཉིན་ཤས་རིང་ང་ཚོས་ས་རྒྱུའི་འཚོ་བཅུད་ལ་ལྟ་ཞིབ་ཚད་ལེན་བྱས་པ་ཡིན་ལ་གྲོང་ཚོའི་གནམ་གཤིས་གྲངས་གཞིར་ཡང་བལྟས་པས་དེ་རིང་ནི་འདེབས་འཛུགས་ཀྱི་ཉིན་མོ་ཡག་ཤོས་རེད་འདུག”ཅེས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་མཁས་བརྩོན་གྱིས་ཐག་རིང་ནས་ཡོང་བའི་ཟླ་བ་རྒྱལ་ལགས་ལ་དགོད་བཞིན་དུ་དེ་ལྟར་བཤད།

    གྲོང་ཚོའི་ས་རྒྱུ་དང་གནམ་གཤིས་ལ་ལྟ་ཞིབ་གང་འདྲ་བྱེད་ཀྱི་ཡོད་དམ།

    གསར་འགོད་པས་མཁས་བརྩོན་དང་མཉམ་དུ་དགེ་མདའ་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ་ཡོང་བ་དང་གྱང་ཐོག་གི་བརྙན་ཤེལ་ཆེ་མོ་དེ་མངོན་གསལ་ལྷག་པར་ཆེ་བ་ཞིག་ཡོད། བརྙན་ཤེལ་ནས་རྨོ་ཞིང་གི་ཁྱབ་ཚུལ་དང་། གནམ་གཤིས་ཀྱི་གྲངས་གཞི། ས་རྒྱུའི་བརླན་ཚད། གནོད་འབུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཆ་འཕྲིན་ཚང་མ་གསལ་པོར་བཀོད་ཡོད། “འདི་ནི་རྫོང་གིས་གཅིག་གྱུར་སྒྲིག་སྦྱོར་བྱས་པའི་ལོ་ཏོག་ཐོན་ལས་གྲངས་འཛིན་ཅན་གྱི་དོ་དམ་མ་ལག་ལས་སྟེགས་ཡིན་པ་དང་ཟླ་3ཚེས་16ཉིན་སྤྱོད་འགོ་ཚུགས་པ་རེད” ཁོང་གིས་ངོ་སྤྲོད་བྱས་དོན། ལས་སྟེགས་འདིས་རྨོ་ཞིང་མི་འདྲ་བའི་མུའུ་རེའི་ལོ་ཏོག་ཐོན་འབབ་དང་། ཞིང་སྨན་དང་རྫས་ལུད་ཀྱི་ཟད་གྲོན། ལྗང་མདོག་སྔོན་འགོག་ཚོད་འཛིན་གྱི་གཏོང་སྒོ་སོགས་ཀྱི་འགྱུར་ལྡོག་ཡང་དག་ཟིན་ཐོར་འགོད་ཐུབ་པ་མ་ཟད། ཞིང་ལས་འཕྲུལ་ཆས་ཀྱི་རྨོ་འདེབས་རྗེས་ཤུལ་དང་ལས་ཕྱོད་ལ་དབྱེ་ཞིབ་ཐུབ་པ་དང་། གནམ་གཤིས་འགྱུར་ལྡོག་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་སྟེ་ལོ་ཏོག་ཐོན་སྐྱེད་ཐད་གྲངས་གཞིའི་རྒྱབ་སྐྱོར་བྱེད་ཐུབ་ཀྱི་ཡོད། “ད་ཆ་གྲངས་གཞིས་ང་ཚོར་ས་ཞིང་ཡག་པོ་འདེབས་པའི་གདེང་ཚོད་ཆེ་རུ་ཕྱིན་སོང”ཞེས་མཁས་བརྩོན་གྱིས་བཤད།

    ཅི་འཕྲོས་མོལ་འཕྲོས་བྱེད་རིང་ཟླ་བ་རྒྱལ་ལགས་ཀྱིས་རྨོ་འདེབས་འཕྲུལ་འཁོར་བཏང་ནས་ཞིང་ཁར་སླེབས་བྱུང་། གསར་འགོད་པ་དེར་འབྱོར་སྐབས་ཁོང་གིས་རླངས་འཁོར་ཐོག་གི་བརྙན་ཤེལ་ལ་བལྟས་ཏེ་བྱང་ཆུབ་པའི་སྒོ་ནས་བཀོལ་སྤྱོད་བྱེད་བཞིན་ཡོད། “གྲོང་ཚོའི་ཞིང་ལས་འཕྲུལ་ཆས་ཚང་མར་རིག་ནུས་གྲངས་འཛིན་ཞིང་ལས་འཕྲུལ་ཆས་ལྟ་ཞིབ་ཚད་ལེན་མ་ལག་སྒྲིག་སྦྱོར་བྱས་ཡོད་པ་དང་འདི་ལོ་རྫོང་གིས་ད་དུང་ཆེད་མངགས་བཀོལ་སྤྱོད་བྱེད་སྟངས་གསོ་སྦྱོང་བྱས་པ་རེད”ཟླ་བ་རྒྱལ་ལགས་ཀྱིས་སྤྱད་པའི་མ་ལག་དེ་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཀྱི་ལས་སྟེགས་དང་དྲ་འབྲེལ་བྱས་ཡོད་པས་ཞིང་ལས་འཕྲུལ་ཆས་ཀྱི་ལས་སྒྲུབ་གནས་ཚུལ་གནད་འཁེལ་ངང་ཤེས་ཐུབ་པ་མ་ཟད། རྨོ་ཞིང་ལ་གཞིགས་ནས་ཞིང་ལས་འཕྲུལ་ཆས་ལས་སྒྲུབ་ཀྱི་དཔྱད་གྲངས་བཀོད་སྒྲིག་བྱས་ཏེ་ཞིང་ནང་ལས་སྒྲུབ་ཀྱི་ལས་ཕྱོད་ཆེ་རུ་གཏོང་ཐུབ་ཀྱི་ཡོད།

    ལྷ་རྩེ་རྫོང་ནི་བོད་དུ་སྐད་གྲགས་ཆོད་པའི་འབྲུ་མཛོད་ཅིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ས་གནས་དེ་གས་གྲངས་འཛིན་ཅན་དང་དེང་རབས་སྒྲིག་ཆས་སོགས་ཚན་རྩལ་མཐོ་བའི་བྱ་ཐབས་སྤྱད་དེ་ལོ་ཏོག་འདེབས་འཛུགས་བྱེད་སྟངས་འཚོལ་ཞིབ་བྱས་ཡོད། “གྲངས་འཛིན་ཅན་གྱི་བྱ་ཐབས་དེ་ཞིང་ལས་ཟིན་ཐོར་སྤྱོད་ཆོག་པས་རྨོ་ཞིང་གི་ཕྱོགས་ཚད་ཅན་གྱི་དོ་དམ་དང་། ཞིང་ལས་གནས་ཚུལ་གྱི་དུས་ཐོག་ཅན་གྱི་ལྟ་ཞིབ་ཚད་ལེན། ཞིང་ལས་འཕྲུལ་ཆས་ཀྱི་དངོས་མཐོང་ཅན་གྱི་ལས་སྒྲུབ། ཞིང་ལས་ལག་རྩལ་གྱི་མ་ལག་ཅན་གྱི་རོགས་སྐྱོར། འདེབས་འཛུགས་ཀྱི་བརྒྱུད་རིམ་ཅན་གྱི་ཁུངས་འདེད་སོགས་བྱེད་ཆོག ནས་ཀྱི་སྲོལ་རྒྱུན་ཐོན་སྐྱེད་བྱེད་སྟངས་ལ་གྲངས་འཛིན་ཅན་གྱི་འགྱུར་ལྡོག་བཏང་བར་གནོད་འཚེའི་ཉེན་ཁ་ཆུང་དུ་སོང་བ་དང་། མ་གནས་དམའ་རུ་སོང་བ། ཐོན་འབབ་མང་དུ་ཕྱིན་པ། སྤུས་ཚད་ལེགས་སུ་ཕྱིན་པ་བཅས་བྱུང་ནས་འབྲུ་རིགས་བདེ་འཇགས་འགན་ལེན་ཐུབ་ཡོད”ཅེས་ལྷ་རྩེ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཚེ་རིང་གིས་བཤད།

    འབྲུ་རིགས་ཐོན་འབབ་འགན་ལེན་བྱུང་བ་ལས་འདེབས་འཛུགས་དུད་ཚང་ལའང་གདམ་ག་དེ་བས་མང་བ་བྱུང་ཡོད། ཟླ་བ་རྒྱལ་ལགས་ཀྱི་ཁྱིམ་ལ་རྨོ་ཞིང་མུའུ་120ཡོད་པས་གྲོང་ཚོའི་འབྲུ་རིགས་འདེབས་འཛུགས་དུད་ཆེན་ཞིག་ཡིན། “ང་ཚོའི་ཁྱིམ་ལ་ངལ་ནུས་ལྡན་མཁན་6ཡོད་པ་དང་། སྔོན་ཆད་ལོ་ཧྲིལ་པོར་ཞིང་ལས་བྱས་ནས་སྡོད་དགོས་ཀྱི་ཡོད། ད་ཆ་གྲངས་འཛིན་ཅན་གྱི་མ་ལག་སྤྱད་པ་ལས་ངེད་བཟའ་ཚོ་གཉིས་ལས་དགོས་ཀྱི་མི་འདུག ད་ཆ་ནང་མི་གཞན་དག་ཕྱི་ལ་ལས་ཀར་སོང་ནས་ཡོང་འབབ་གསོག་ཐུབ་ཀྱི་འདུག”ཅེས་ཟླ་བ་རྒྱལ་ལགས་ཀྱིས་བཤད། དགེ་མདའ་གྲོང་ཚོར་ཞིང་ལས་འཕྲུལ་ཆས་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས་ཟླ་བ་རྒྱལ་ལགས་མཉམ་ལས་ཁང་གི་ཁོངས་མིར་གྱུར་ནས་ཉེ་འཁོར་གྱི་གྲོང་ཚོར་ཚབ་གཉེར་ཞབས་ཞུ་བསྒྲུབས་ཏེ་ལོ་ལྟར་གླ་ཆ་7000ལྷག་ཙམ་ལེན་རྒྱུ་ཡོད། “རགས་རྩིས་བརྒྱབ་ན་ན་ནིང་ནང་མི་ཡོངས་ཀྱི་ཡོང་འབབ་སྒོར་ཁྲི་24ལྷག་ཟིན་ཡོད་པ་རེད” 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།