དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔྱིད་དུས་རེ་བའི་ས་བོན་བཏབ། སྟོན་དུས་བང་མཛོད་འབྲུ་ཡིས་ཁེངས།

    ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་ཞིང་ལས་ཐོན་སྐྱེད་ཀྱི“དམག་འཐབ་དང་པོ”ཡག་པོ་རྒྱག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-23

    དཔྱིད་ཀྱི་དཔལ་ཡོན་ས་མཐོར་བཞད། ཁུ་བྱུག་གསུང་སྙན་རྣ་བར་གྲགས། རྒྱལ་ལམ་349བརྒྱུད་ནས་ཤར་དུ་སྐྱོད་སྐབས་ལམ་འགྲམ་དུ་སྔོ་ལྗང་ལྗོན་ཤིང་གི་འདབ་ལོ་གྲོལ་ཞིང་། གྲོང་གསེབ་ཏུ་ལས་ལ་བྲེལ་བའི་རྣམ་པས་ཁེངས་པ་དང་དཔྱིད་ཀྱི་རྣམ་པ་གསར་པ་མངོན་པས་སོ་ནམ་གྱི་ནམ་དུས་ཡག་ཤོས་ཤར་ཡོད།

    མིག་སྔར། གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་སྐྱེ་དངོས་མཐའ་དག་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ནས་ས་མཐོའི་ས་གཞི་ཆེན་པོའི་གང་ས་གང་དུ་མང་ཚོགས་ཚོས་ཞིང་ལས་ལ་དམ་འཛིན་གྱིས་ཞིང་རྨོ་ཡུར་རྒྱག་གི་ལས་ལ་བརྩོན་པའི་རྣམ་པ་མཐོང་རྒྱུ་ཡོད།

    སོན་བཟང་ཞིང་དར།

    རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་དང་ལྷོ་ཁ་གྲོང་ཁྱེར་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་ཁག་དང་པོ་ཡིན་པའི་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་གྱིས་སོན་བཟང་ཁྱབ་གདལ་དང་འདེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཞིང་ལས་ཀྱི་འདེབས་འཛུགས་གྲུབ་ཆ་ལེགས་སུ་བཏང་ནས་འདི་ལོ་བོད་ནས་ཨང་3000དང་། ལྷོ་ནས་ཨང་9 ཧི་མ་ལ་ཡའི་ནས་ཨང་22སོགས་སྤུས་ལེགས་སོན་བཟང་གཙོ་གནད་ཐོག་ཁྱབ་གདལ་བཏང་སྟེ། འདེབས་འཛུགས་ལས་རིགས་ལ་ཐོན་འཕར་དང་ཕན་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

    “ན་ནིང་། ང་ཚོའི་གྲོང་རྡལ་གྱི་མུའུ་རེའི་ནས་ཀྱི་ཐོན་འབབ་རྒྱ་མ་865ལྷག་ཙམ་ཟིན་ཡོད། འདི་ལོ་ལེགས་འདེམས་ལེགས་འདེབས་དང་ཚན་རིག་དང་མཐུན་པའི་དོ་དམ་བྱས་པ་བརྒྱུད། ང་ཚོར་ཐོན་འབབ་མུ་མཐུད་མཐོ་རུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་ཁྲ་འབྲུག་གྲོང་རྡལ་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་པ་སངས་ཚེ་རིང་གིས་བཤད།

    དེ་དང་འདྲ་བར། ལྷོ་བྲག་རྫོང་གིས་ཀྱང་སོན་བཟང་ཁྱབ་གདལ་ཧུར་ཐག་བཏང་ནས་ཐོན་འབབ་མཐོ་ལ་ལོ་ལེགས་ཡོང་བར་སྐུལ་འདེད་བཏང་ཡོད། འདི་ལོའི་ཟླ་བ་3པ་ཚུན་དུ། སྤུས་ལེགས་ནས་དང་། པད་ཁ། ཞོག་ཁོག་སོགས་དཔྱིད་འདེབས་ལོ་ཏོག་གི་སོན་བཟང་ཁྱོན་རྒྱ་མ་ཁྲི་19.73སྤྲད་པ་དང་ཚན་རྩལ་ཆེད་མངགས་པ་བཀོད་སྒྲིག་བྱས་ནས་སོན་བཟང་ཕྱི་ཐུམ་སོགས་ཀྱི་སོན་ལས་ལག་རྩལ་ཐད་ཞིང་འབྲོག་པར་མཛུབ་ཁྲིད་བྱས་ཡོད།

    ཞིང་ནང་དུ་རྨོད་རྒྱག་བཞིན་པའི་ལྷོ་བྲག་རྫོང་རྫ་ར་ཤང་གི་མང་ཚོགས་པ་སངས་དོན་གྲུབ་ཀྱིས“ངའི་ཁྱིམ་ལ་ས་ཞིང་མུའུ་10ལྷག་ཙམ་ཡོད། དེའི་ནང་མུའུ་7ལ་བོད་ནས་ཨང་3000འདེབས་རྩིས་ཡོད། མུའུ་3ལྷག་ཙམ་ལ་བོད་སྲན་ཨང་2འདེབས་རྩིས་ཡོད། མི་ལ་བརྩོན་འགྲུས་ལྡན་པ་དང་གཡོག་བྱེད་ཡག་པོ་བྱས་ན་འདི་ལོ་སླར་ཡང་ཐོན་འབབ་ཡག་པོ་ཡོང་ངེས་རེད”ཅེས་བརྗོད།

    ཚན་རྩལ་ཞིང་ཕན།

    སྣང་རྫོང་དུང་དཀར་གྲོང་རྡལ་བྲག་ཕྱི་ཐང་ཧྲེང་ཧྲི་ཞིང་ལས་ཚན་རྩལ་ཀུང་སིའི་སུར་པན་མྱུག་གསོའི་རྟེན་གཞིར་སྐྱོད་སྐབས་སྐྱེས་མ་ཐག་པའི་མྱུ་གུ་མང་པོ་སྔོ་ཐིང་ངེར་གནས་བཞིན་སྐྱེ་འཚར་བཟང་པོ་ཡོད། ས་གནས་དེ་གའི་མང་ཚོགས་ཀྱིས་མྱུ་གུར་གཡོག་བྱེད་བྱེད་བཞིན་ཡོད།

    ཀུང་སིའི་འགན་འཁུར་བ་ལིའུ་ཡུང་གིས“འདི་ལོ་རྟེན་གཞིས་མྱུ་གུ་རྐང་ཁྲི་80གསོ་སྤེལ་བྱེད་པ་དེ་དག་ཚང་མར་ཁོག་མའི་ནང་སུར་པན་མྱུ་གུ་གསོ་བའི་ལག་རྩལ་སྤྱོད་རྒྱུ་ཡིན་པ་ལས་ནད་འབུའི་གནོད་འཚེ་དང་རྩ་བ་རུལ་བའི་ནད་སྣ་ཚོགས་ཉུང་དུ་ཤུགས་ཆེན་ཕྱིན་ནས་གསོན་ཚད་དང་ཐོན་འབབ་མང་དུ་འགྲོ་རྒྱུ་རེད། སྔོན་དཔག་བྱས་ན་ཟླ་4པར་མྱུ་གུ་གཅིག་རྗེས་གཉིས་མཐུད་ངང་ཐོན་གྱི་ཡོད”ཅེས་བརྗོད།

    གཞིས་རྩེས་ནས་ཀྱི་ཐོན་ལས་གྲངས་གཞི་ཆེ་མོའི་ལས་སྟེགས་ལ་བརྟེན་ནས་བསམ་གྲུབ་རྩེ་ཆུས་དང་རྒྱལ་རྩེ་རྫོང་སོགས་ཀྱི་ཞིང་འཕྲུལ་མཉམ་ལས་ཁང་དུ་ལེ་ལག་ཚང་བའི་ཞིང་འཕྲུལ་ལས་སྒྲུབ་ལྟ་ཞིབ་མཐའ་སྣེ་ཚོད་ལྟ་བྱས་ཏེ་དཔྱིད་དུས་ཞིང་ལས་བྱ་ཡུལ་དང་། ལས་ཤུལ། རྒྱ་ཁྱོན། སྤུས་ཚད་སོགས་ལ་རིག་ནུས་ཅན་གྱི་སྟབས་བསྟུན་ལྟ་ཞིབ་བྱས་པས་དཔྱིད་རྨོད་ཐོན་སྐྱེད་དང་ས་ཞིང་གཡོག་བྱེད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ལུའུ་ཅི་ཧྥུང་གིས“འདི་ལོ་ང་ཚོས་འདུ་ཤེས་གསར་པ་དང་ལག་རྩལ་གསར་པ་སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་ནུས་ཆེའི་ཞིང་ལས་ཐོན་སྐྱེད་མ་ལག་མགྱོགས་པོ་སྐྲུན་གྱི་ཡིན”ཞེས་བརྗོད།

    ཞིང་འཕྲུལ་ཞིང་སྐྱོར།

    དཔྱིད་རྨོད་ཐོན་སྐྱེད་བྱེད་པར་ལས་ཕྱོད་སྔོན་ལ་འཇོག་དགོས། ཞིང་ནང་དང་མུ་ཁར་སྐྱོད་སྐབས་རྨོ་འདེབས་འཕྲུལ་འཁོར་དང་སོན་འདེབས་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་ཤིང་འཕྲུལ་ཆས་དང་ལག་ཆ་སྣ་ཁ་འཛོམས་པོ་ཡོད། དེང་གི་དུས་སུ་འཕྲུལ་ཆས་ཅན་དུ་འགྱུར་བ་དེ་ས་མཐོའི་ཞིང་ལས་ཐོན་སྐྱེད་ཀྱི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་ཏུ་གྱུར་ཡོད།

    རྒྱལ་རྩེ་རྫོང་རྒྱས་དར་ཞིང་འཕྲུལ་མཉམ་ལས་ཁང་གི་ཞིང་འཕྲུལ་ཁ་ལོ་བ་བཟང་མོ་དོན་གྲུབ་ཀྱང་ཧ་ཅང་དགའ་པོ་བྱུང་ཞིང་། ཁོང་གཞིས་རྩེ་གྲོང་ཁྱེར་གྱི་2024ལོའི་འདྲུད་འཐེན་འཁོར་ལོའི་ལག་ཁྱེར་ཚོད་ལྟ་དང་ཞིང་འཕྲུལ་ཞིང་ལས་ལག་རྩལ་མཉམ་འདྲེས་མཐོར་གཏོང་གསོ་སྦྱོང་འཛིན་གྲྭར་ཞུགས་བཞིན་ཡོད་པ་དང་། དཔྱད་ཞིབ་ཚད་ལོན་རྗེས་འདྲུད་འཐེན་འཁོར་ལོའི་ཁ་ལོ་བའི་ལག་ཁྱེར་སྤྲོད་རྒྱུ་རེད།

    བཟང་མོ་དོན་གྲུབ་ཀྱིས“གསོ་སྦྱོང་འཛིན་གྲྭར་ཆེད་ལས་དགེ་རྒན་གྱིས་ང་ཚོར་ཞིང་ནང་གཡོག་བྱེད་དང་འགྲོ་ལམ་འགྲོ་སྐྱོད་ལད་མོ་སོགས་ཀྱི་དངོས་སྦྱོང་བྱས་པས་ངས་ཞིང་ལས་འཕྲུལ་ཆས་ཀྱི་ཤེས་བྱ་དེ་བས་མང་བ་ཁོང་དུ་ཆུད་སོང་། དེ་དག་ཤེས་རྗེས་ལམ་སེང་གྲོང་ཚོའི་དཔྱིད་འདེབས་ལས་ལ་ཞུགས་ཐུབ་པས་སྐབས་དེ་དུས་མི་དེ་བས་ཉུང་བ་དང་དུས་ཚོད་དེ་བས་ཐུང་བ་སྤྱད་དེ་གྲོང་ཚོ་ཡོངས་ཀྱི་དཔྱིད་འདེབས་ལས་ཀ་མགྱོགས་མྱུར་ལེགས་སྒྲུབ་བྱེད་ཀྱི་ཡིན”ཞེས་བརྗོད།

    ད་ཆ་གཞིས་རྩེ་གྲོང་ཁྱེར་ལ་འདྲུད་འཐེན་འཁོར་ལོ་འདྲ་མིན་ཁྲི་12.66ཡོད་པ་དང་། ལེ་ལག་ཚང་བའི་ཞིང་ལས་འཕྲུལ་ཆས་དང་ལག་ཆ་ཁྲི་9.1ཟིན་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་སྤྱི་ཡོངས་ནས་72%ཡན་མཐོ་རུ་ཕྱིན་པ་དང་། དཔྱིད་རྨོད་ཀྱི་ལྷུ་ཚིགས་ཁག་སྲོལ་རྒྱུན་གྱི་ཞིང་ལས་ལས་ཉིན་ལྔ་དྲུག་ཐུང་དུ་ཕྱིན་ནས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།

    ད་ཆའི་དུས་སུ་ས་མཐོའི་ས་གནས་ཁག་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་སོ་ནམ་དམ་འཛིན་བྱེད་པའི་དཔྱིད་རྨོད་ཀྱི་རྣམ་པ་རིམ་བཞིན་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།