དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བདེ་སྐྱིད་ལྡན་པའི་ས་མཐོའི་གྲོང་ཚོ་འདིར། མི་རིགས་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད།

    —— གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཕུ་སྣ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-22

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། “གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོའི་དུད་ཚང་59ཡི་ཡུལ་མི་ཚང་མ་ས་ཁུལ་མི་འདྲ་བ་ནས་ཡོང་བ་དང་མི་རིགས་མི་འདྲ་བ་ཤ་སྟག་རེད། ཡུལ་མི་ཚོས་མི་རིགས་མཐུན་སྒྲིལ་གྲོང་སྲོལ་དམངས་ཆིངས་ནང་བཀོད་དེ། ལོ་ལྟར་མི་རིགས་མཐུན་སྒྲིལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་སེམས་ནུས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་ཁ་ཆད་བྱས་ཡོད”ཅེས་འཁོད་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ཆེད་མངགས་བཀོད་ཡོད་པར་བརྟེན། ཕུ་སྣ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མི་དེ་བས་མང་བས་གོ་ཐོས་བྱུང་ནས་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། ཉིན་ཤས་གོང་གསར་འགོད་པས་ཕུ་སྣ་གྲོང་ཚོར་མཐུན་སྒྲིལ་གྱི“མན་ངག”དང་ཐུན་མོང་ཕྱུག་འགྱུར་གྱི“གསང་བ”འཚོལ་ཞིབ་བྱེད་པར་བསྐྱོད་པ་ཡིན།

    མི་རིགས་མཐུན་སྒྲིལ་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་བ།

    2006ལོར་རིན་སྤུངས་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་དུད་ཚང་དབུལ་པོ་རྒྱལ་ལམ་318ལམ་རྒྱུད་དུ་སྤོས་པ་ལས་ད་ལྟའི་ཕུ་སྣ་གྲོང་ཚོ་ཆགས་ཡོད།

    ཕུ་སྣ་གྲོང་ཚོར་སྐྱོད་སྐབས་ཐོག་མར་མིག་ལམ་དུ་འཆར་བ་ནི་རྐང་འཁོར་ས་ཚིགས(སེ་འབྲུ་དམར་པོའི་ས་ཚིགས)དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི། མི་རིགས་མཐུན་སྒྲིལ་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཐང་ཆེན་བཅས་རེད། མཐོང་རྒྱུ་ཡོད་པའི་སྒྲིག་ཆས་དེ་དག་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་ས་ཚིགས་དང་། ཕྱི་ཕྱོགས་ལ་འགྲེམས་སྟོན་བྱེད་པའི་སྐར་ཁུང་། ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་བྱེད་འཕྲུལ་ཆས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་བཅས་སུ་གྱུར་ཡོད།

    རྐང་འཁོར་ས་ཚིགས(སེ་འབྲུ་དམར་པོའི་ས་ཚིགས)སུ་ཉལ་ཁྲི་དང་། ཆུ་བཀོལ་ཆས། སྐུད་མེད་དྲ་རྒྱ། སྨན་རྫས་སོགས་མཁོ་ཆས་མང་པོ་ཡོད་ཅིང་། ཡུལ་སྐོར་བར་རིན་པ་སྤྲོད་མི་དགོས་པར་ངལ་གསོ་དང་ཞག་སྡོད་ཀྱི་ཞབས་འདེགས་ཞུ་གི་ཡོད་པས་རྒྱལ་ལམ་318ཁོངས་གཏོགས་ཁུལ་གྱི་ལམ་དུམ་དུ་རླངས་འཁོར་མང་ཞིང་ངལ་གསོ་བྱ་ཡུལ་དཀོན་པའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    རིན་སྤུངས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཁྱོན་མ་དངུལ་སྒོར་ཁྲི་80ལྷག་ཙམ་བཏང་ནས་བེད་མེད་དུ་ལུས་པའི་གྲོང་ཚོ་ཨུ་ལྷན་རྙིང་པ་དེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིར་བཟོ་བཅོས་བརྒྱབ་པ་དང་། དེ་སྔའི་ཐང་ཆེན་དེ་མི་རིགས་མཐུན་སྒྲིལ་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཐང་ཆེན་དུ་བསྐྲུན་ཏེ། མི་རིགས་མཐུན་སྒྲིལ་གྱི་བསམ་བློ་ས་ཕྱོཌ་གང་སར་ཁྱབ་པར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཡར་ཀླུང་གཙང་པོའི་འགྲམ་དུ་ནམ་ཡང་བཞད་པར་བྱས་ཡོད།

    མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྩམས་པ།

    “ལྗོངས་ཕྱིར་སྦྲང་མ་གསོ་ཚགས་ཀྱི་ལག་རྩལ་སྦྱོང་བའི་གོ་སྐབས་བྱུང་བ་ལས་ངའི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་ལམ་བུ་གསར་པ་ཞིག་རྙེད་བྱུང” 2013ལོར་ཕུ་སྣ་གྲོང་ཚོའི་བསོད་ནམས་ཚེ་རིང་དུས་ཡུན་ཟླ་ལྔའི་རིང་གི་ལྟ་སྐོར་གསོ་སྦྱོང་ལ་ཞུགས་ཤིང་། སི་ཁྲོན་དང་། ཡུན་ནན། ཀན་སུའུ། ཅང་སུའུ་སོགས་སུ་བསྐྱོད་དེ་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱས་པ་བརྒྱུད། མཐོང་རྒྱ་ཆེ་རུ་ཕྱིན་ནས་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་མ་ཟད། “སྦྲང་གསོའི”བྱ་གཞག་གཉེར་འགོ་ཚུགས་ཡོད།

    ད་ཆ་སྲིད་གཞུང་གི་རོགས་སྐྱོར་འོག་བསོད་ནམས་ཚེ་རིང་གིས་བཙུགས་པའི་སྦྲང་མ་གསོ་ཚགས་ར་བར་སྦྲང་རྩིའི་ཐོན་ལས་མ་ལག་ཆ་ཚང་ཞིག་ཆགས་ཏེ། ཕུ་སྣ་གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སྤྱོད་བྱེད་བཞིན་ཡོད།

    དུས་ཡུན་རིང་པོའི་ནང་ཕུ་སྣ་གྲོང་ཚོའི་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བརྩོན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཟམ་མི་ཆད་པར་ཐོན་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཕུ་སྣ་གྲོང་ཚོར་བསྡོམས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་9དང་། མི་རིགས་མང་བའི་ཁྱིམ་ཚང་5 གྲོང་ཚོ་རིམ་པས་བདམས་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དུད་ཚང་4བཅས་ཡོད།

    མི་རིཌ་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་བ།

    ཕུ་སྣ་གྲོང་ཚོས“ཕུ་སྣའི་བུ་ཕྲུག་ཁྱིམ་ཚང་གཅིག་ལྟར་བརྩེ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཧུར་ཐག་བཏོད་དེ། “སྐར་མ་གསོག་པ་དང་། དར་སྲོལ་གསར་པ། དཔེ་མཚོན་གཏོད་པ”བཅས་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་ལས་སྟེགས་སུ་བྱེད་པ་དང་། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་མ་ལག་སྟོབས་ཤུགས་སུ་བྱེད་པ། སྐར་མའི་ལམ་ལུགས་ཀྱི་དོ་དམ་བྱེད་སྟངས་ལག་ལེན་བསྟར་བ་བཅས་བྱས་པས། གྲོང་མིས་ལས་ཀ་མི་བྱེད་པར་བལྟས་ནས་སྡོད་པ་ནས་ལས་ཀ་ཧབ་ཐོབ་བརྒྱབ་སྟེ་བྱེད་པའི་བར་འགྱུར་ལྡོག་བྱུང་བ་དང་། མང་ཚོགས་ཀྱི་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། འགལ་ཟླ་དང་། རྩོད་གཞི། དེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་བཅས་ཐོན་ཚད་རིམ་བཞིན་དམའ་རུ་སོང་བ་དང་ཆབས་ཅིག ལས་སྟེགས་ཆུང་ངུ་དང་སྐར་མ་ཆུང་ངུར་བརྟེན་ཏེ་ཞི་མཐུན་ཆེན་པོ་དང་བརྟན་ལྷིང་ཆེན་པོ་ལྡན་པའི་གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་པའང་འཚོལ་ཞིབ་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པས་ལས་མི་མང་པོ་ཞིག་ཕུ་སྣ་གྲོང་ཚོར་ཡོང་གི་ཡོད། བྱེ་བ་ཤང་མངགས་གཏོང་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་ཡག་པོ་བཏང་ནས་ཁོངས་གཏོགས་ཁུལ་གྱི་རྣམ་གྲངས་པུའི་མདུན་གྲལ་དུ“མི་རིགས་མཐུན་སྒྲིལ་ཉེན་རྟོག་ལས་དོན་ཁང”བཙུགས་ཏེ“འགལ་ཟླ་གོང་རིམ་ལ་ཞུ་མི་དགོས་པ་དང་། བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པ། ཞབས་འདེགས་ཧུར་ཐག་ཞུ་བ”བཅས་ཀྱི་འགན་ལེན་བྱས་ཡོད།

    བྱེ་བ་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་བསྟན་འཛིན་དར་རྒྱས་ཀྱིས་མི་རིགས་མཐུན་སྒྲིལ་ཉེན་རྟོག་ལས་དོན་ཁང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱས་ཡོད་ལ་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་རྣམ་པ་བཟང་པོའང་བཏོད་ཡོད་ཅེས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།