དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།

    ཟླ་2པའི་ཟླ་མཇུག་བར། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6282.84ཟིན་པ་དེ་དུས་མཚུངས་ལས་14.48%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-21

    ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་བར་བོད་རང་སྐྱོང་ལྗོངས་ཀྱིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་བརྒྱབ་སྟེ། གཙོ་གནད་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་ལེགས་སུ་གཏོང་བར་མུ་མཐུད་སྐུལ་འདེད་བཏང་ཡོད། ཟླ་2པའི་ཟླ་མཇུག་བར་བོད་ཀྱི་ལྗོངས་ཡོངས་ཀྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6282.84ཟིན་པ་དེ་དུས་མཚུངས་ལས་14.48%འཕར་ནས་ཉེ་བའི་ལོ་ཤས་རིང་གི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད་པ་རེད།

    དངུལ་རྩའི་ཞབས་ཞུ་འཐུས་ཚང་དང་ལེགས་སུ་གཏོང་ཆེད། མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་ལ་ཀུན་ཕན་དངུལ་རྩའི་ཁྱབ་རྒྱ་ཆེ་རུ་གཏོང་བར་མཛུབ་ཁྲིད་བྱས་ནས་དངུལ་རྩའི་ཞབས་ཞུའི་ཁྱབ་ཚད་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད། ཟླ་2པའི་ཟླ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1364.63ཟིན་པ་དེ་དུས་མཚུངས་ལས་28.63%འཕར་ཡོད། དེའི་ནང་ཕྲན་ཚེགས་ཁེ་ལས་ལ་ཕན་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་398.89ཟིན་ཡོད།

    དེ་དང་ཆབས་ཅིག་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་ལ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པར་སྐུལ་མ་བཏང་སྟེ་དངུལ་རྩའི་ཞབས་ཞུར་བརྟེན་ནས་བོད་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གསར་གཏོད་ལ་རམ་འདེགས་བྱས་པ་རེད། ཟླ་2པའི་ཟླ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་313.42ཟིན་ཡོད། དེའི་ནང་དུས་ཡུན་འབྲིང་རིང་གི་བཟོ་སྐྲུན་ལས་རིགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་250.47ཟིན་ཡོད།

    གྲོང་གསེབ་དར་རྒྱས་གཏོང་བར་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བའི་ཐད་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙོ་རྒྱུའི་འཁོར་རྒྱུག་ཤར་གཏོང་ཐུབ་པར་ཁྲིད་སྟོན་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་བ་རེད། ཟླ་2པའི་ཟླ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1825.52ཟིན་པ་དེ་དུས་མཚུངས་ལས་13.15%འཕར་ཡོད། དེའི་ནང་གྲོང་གསེབ་ཀྱི་དངུལ་བུན་དུས་མཚུངས་ལས་19.27%འཕར་བ་དང་ཞིང་དུད་ཀྱི་དངུལ་བུན་དུས་མཚུངས་ལས་7.94%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།